ཨ་རིར་ས་སྐྱ་སྨོན་ལམ་ཚོགས་རྒྱུའི་གསལ་བསྒྲགས།

༄༅། །འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རྒྱ་ཆེ་བའི་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ་ཆེད་གསོལ།

གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸དཔལ་ལྡན་ས་སྐྱ་པ་༸སྐྱབས་མགོན་༸གོང་མ་ཡབ་སྲས་ཀྱི་ཐུགས་བཞེད་ལམ་སྟོན་གྱི་བཀའ་དྲིན་དང་། ༸དཔལ་ས་སྐྱའི་དབུས་སྨོན་ལམ་ཚོགས་པས་མཐུན་འགྱུར་རྒྱབ་སྐྱོར་འོག་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་གཉིས་པ། བྱང་ཨ་རིའི་ས་གནས་མི་ནི་སོ་ཊ་རུ། སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ནས། ཚེས་བཅུ་དྲུག་བར་ཉིན་བཞིའི་རིང་དུ། རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་ཉེ་བར་ཞི་བ་དང་འཛམ་གླིང་ཞི་བདེ་ཡོང་བའི་ཆེད་སྨོན་ལམ་ཉིན་ལྟར་ཞོགས་པ་ཆུ་ཚོད་དགུ་པ་ནས་དགོང་མོ་ཆུ་ཚོད་ལྔ་པའི་བར་དུ་འཚོགས་གནང་རྒྱུ་གཏན་ཁེལ་བྱུང་བ་དང་། སྐབས་དེའི་ཚོགས་མགོན་དུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བཀའ་དྲིན་སྐྱོང་རྒྱུ་དང་། མི་མང་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་གནང་རྒྱུའི་ཞལ་བཞེས་བཅས་ཐོབ་སོང་བས་དད་ལྡན་མི་མང་རྣམ་པས་དེ་ལུགས་དགོངས་མངའ་ཡོང་བར་ཞུ་རྒྱུ་དང་། སྨོན་ལམ་གྱི་སྦྱིན་བདག་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་མི་མང་གི་ལག་ཁྱེར་ཉོ་བ་སོགས་གང་ཡང་མི་དགོས་པར་ཚོགས་ཞུགས་གནང་ཆོག་པ་དང་། སྨོན་ལམ་ལ་ཚོགས་ཕེབས་ཀྱི་བླ་སྤྲུལ་དགེ་འདུན་གྲྭ་བཙུན་ཡོངས་ཀྱིས་སྤྱི་ཟླ་དྲུག་པའི་ཚེས་གཅིག་ནང་ཚུད་སྨོན་ལམ་གོ་སྒྲིག་ཚོགས་པའི་དྲྭ་རྒྱའི་ཐོག་ཏུ་ཐོ་འགོད་བྱ་རྒྱུ་དང་། ཡང་ན་ཞལ་པར་རྒྱུད་ནས་གོ་སྒྲིག་པ་ལ་འབྲེལ་བ་གནང་རོགས། འདི་ནས་བཞུགས་གནས་སོགས་གོ་སྒྲིག་བྱེད་ཕྱོགས་ལ་ཕན་ཐོགས་ཆེ་བར་བརྟེན་ངེས་པར་དུ་ཐུགས་སྣང་གནང་བར་མཁྱཻན་མཁྱེན།།

ཞེས་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཚོགས་པའི་རྒྱུན་ལས་ལྷན་ཚོགས་སྐབས་དང་པོ་ནས་ཕུལ།

 

བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཚོགས་པའི་དྲ་ཚིགས། འདིར་གཟིགས>>>

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*