འགྱུར་ཕྱག་ལ་དཔྱད་པ་མཁས་པའི་ཁ་རྒྱན།


རྩོམ་པ་པོ།  འདན་མའི་ལྷ་མདའ།
<<བརྡ་ཆད>>བོད་ཀྱི་བརྡ་སྤྲོད། སུམ་ཅུ་པ། འགྱུར་ཕྱག།
<<ནང་དོན་སྙིང་བསྡུས>>
འགྱུར་ཕྱག་གི་དགོས་པ་དང་བསྟན་བཅོས་གང་གི་དབུར་འགྱུར་ཕྱག་སྦྱར་སྟངས་སུམ་ཅུ་པའི་དབུ་ཡི་འགྱུར་ཕྱག་དེ་མཁས་པ་རྣམས་ཀྱིས་བཞེད་ཚུལ་ཁག་གང་འདྲ་བྱུང་ཡོད་མེད་རྩོད་པ་ཇི་ལྟར་བྱུང་མིན་གྱི་སྐོར་གླེང་བ་བཅས་མདོར་བསྡུས་ཤིག་བྲི་བར་བྱ་འདོད།
<<ཞིབ་འཇུག་གི་དགོས་དམིགས>>
སུམ་ཅུ་པའི་དབུ་ཡི་འགྱུར་ཕྱག་དེ་མཁས་པ་སྔ་མ་རྣམས་ཀྱིས་དགག་བཞག་སྤོང་གསུམ་བྱས་པ་རྣམས་ཞིབ་མཇལ་བྱས་པའི་བརྒྱུད་ནས་སློབ་དཔོན་ཐོན་མིའི་དགོངས་པ་ཇི་བཞིན་ལོན་ཐབས་དང་། རང་ཉིད་ཀྱི་བློ་གྲོས་འཕེལ་བའི་ཐབས་སུ་དམིགས་པ་དང་།དེ་ལ་བརྟེན་ནས་འགྱུར་ཕྱག་ལ་སྦྱོར་བརྡའི་འབྲས་བུ་དེ་བདག་ལྟ་བུ་ལས་དང་པོ་པ་རྣམས་ལ་ཕན་པའི་བསམ་པ་བསྐྱེད་དེ་མཁས་པ་སྔ་མ་རྣམས་ཀྱི་འགྱུར་ཕྱག་གི་སྐོར་བྲིས་པ་ལེགས་ཆ་དག།
དང་དུ་བླངས་ནས་འགྱུར་ཕྱག་གི་སྐོར་ཞིབ་ཕྲ་ཞིག་ངོ་སྤྲོད་པར་འདོད།   སུམ་ཅུ་པའི་འགྱུར་ཕྱག་གི་སྐོར་འབྲི་སྲོལ་སྣ་ཚོགས་གླེང་བ།
སུམ་ཅུ་པའི་འགྱུར་ཕྱག་གི་ཐ་སྙད་གླེང་བ།  སྤྱིར་འགྱུར་ཕྱག་གི་ངོ་བོ་གླེང་བ།
འགྱུར་ཕྱག་བོད་ཀྱི་ཆོས་རྒྱལ་རྣམས་ཀྱིས་བཀས་བཅད་ཡིན་མིན་གླེང་བ།  འགྱུར་ཕྱག་ཡོད་མེད་ཀྱིས་སུམ་ཅུ་པའི་རྩ་བ་ཡི་གེ་གང་གི་ཐོག་རྩོམ་མིན་གླེང་བ།

ས་བཅད་དང་པོ།
<<སུམ་ཅུ་པའི་འགྱུར་ཕྱག་གི་སྐོར་འབྲི་སྲོལ་སྣ་ཚོགས་གླེང་བ>>

ཆོས་རྗེ་ས་པཎ་གྱི་སུམ་རྟགས་ཀྱི་འགྲེལ་བ་ཡི་གེའི་སྦྱོར་བ་ལས འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་དང་།
དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱི་འགྲེལ་པར།
སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ་ཞེས་དང་།
རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་སུམ་རྟགས་འགྲེལ་བ་ལེགས་བཤད་སྣང་བྱེད་ནོར་བུ་ལས སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་དང་། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན་ལས སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ་ཞེས་དང་།
སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་སི་ཏུ་འགྲེལ་ཆེན་ལས ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་དང་།
གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་བོད་ཀྱི་བརྡའ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུར་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ལས སྨྲ་བའི་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།ཞེས་སོགས་འགྱུར་ཕྱག་འབྲི་སྲོལ་སྣ་ཚོགས་མཆིས།
ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་སོགས་སྔ་འགྲེལ་ཁ་ཅིག་གིས་འགྱུར་ཕྱག་མཛད་མེད་པའི་སྟེང་སྐད་གཉིས་ཤན་སྦྱར་སོགས་ཀྱང་གང་ཡང་སྨོས་མེད།
<<ས་བཅད་གཉིས་པ་སུམ་ཅུ་པའི་དབུའི་འགྱུར་ཕྱག་གི་ཐ་སྙད་གླེང་བ>>
སུམ་ཅུ་པའི་གཞུང་དུ་འགྱུར་ཕྱག་དེ་སློབ་དཔོན་ཐོན་མིས་མཛད་ཡོད་མེད་ཁ་ཚོན་བཅད་ནས་བཤད་པ་དཀའ་ཡང་འདི་ལ་མཁས་པ་རྣམས་འདོད་ཚུལ་སྣ་ཚོགས་ཤིག་མཆིས།    རྣམ་གླིང་པཎ་ཆེན་སྔོན་གྱི་སྔ་འགྲེལ་རྣམས་སུ་འགྱུར་ཕྱག་ཅེས་ཐ་སྙད་མཛད་མཐོང་མེད་མོད།རྣམ་གླིང་པཎ་ཆེན་ནས་བཟུང་སུམ་ཅུ་པའི་དབུ་དེ་འགྱུར་ཕྱག་གི་ཐ་སྙད་མཛད་པ་མངོན་དཔེར་ན།
རྣམ་གླིང་པཎ་ཆེན་གྱིས་ལེགས་བཤད་སྣང་བྱེད་ནོར་བུ་ལས འཕྲོས་དོན་འགྱུར་ཕྱག་གི་ཚུལ་དུ།སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།ཞེས་སྦྱར་བ་ནི་བསྟན་བཅོས་བསྒྱུར་བ་སོགས་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ལོ་ཙཱ་བ་རྣམས་ཀྱིས་ཕྱག་མཛད་པ་དང་རྗེས་སུ་མཐུན་པར་སྨྲ་བ་སྟེ།ཞེས་སོགས་སུམ་ཅུ་པའི་དབུ་དེ་སུམ་ཅུ་པའི་འགྱུར་ཕྱག་ཡིན་པ་ཐ་སྙད་སྦྱར་བ་ཐོག་མ་ཡིན་སྙམ།
དེའི་རྗེས་པྲ་ཏི་སོགས་ཀྱང་འདི་ལ་འགྱུར་ཕྱག་ཅེས་པའི་ཐ་སྙད་བཏགས་འདུག།
པྲ་ཏིས་ཀུན་བཟང་དགོངས་རྗེས་ལས གལ་ཏེ་འདི་བོད་ཀྱི་བསྟན་བཅོས་མ་ཡིན་ནམ།ཅི་རྒྱུ་འགྱུར་དང་འདྲ་བར་རྒྱ་བོད་ཤན་སྦྱར་བའི་སྐད་ཐོག་མ་སྨོས་པ་དང་།འགྱུར་ཕྱག་གི་ཚུལ་འདིར་བཀོད་པས་ཅི་ཞིག་བྱ་ཞེ་ན།ཞེས་སོགས་གསུངས།དེ་ནས་རིམ་བཞིན་སི་ཏུ་པཎ་ཆེན་སོགས་ཀྱིས་འགྱུར་ཕྱག་གི་ཐ་སྙད་བཏགས་པ་མང་།

<<ས་བཅད་གསུམ་པ་སྤྱིར་འགྱུར་ཕྱག་གི་ངོ་བོ་གླེང་བ>>
སྤྱིར་འགྱུར་ཕྱག་ཅེས་པ་ནི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་སྐད་རིགས་གཞན་གྱི་སྟེང་ནས་རྒྱལ་བའི་བཀའ་མདོ་རྒྱུད་དང་རྗེས་འཇུག་གི་མཁས་པ་རྣམས་ཀྱི་བསྟན་བཅོས་སོགས་བོད་སྐད་ལ་སྒྱུར་བའི་སྐབས།
བསྒྱུར་བའི་བསྟན་བཅོས་དེ་འགྱུར་ལེགས་པར་མཐར་ཕྱིན་པའི་དོན་དུ་རང་གི་ལྷག་པའི་ལྷ་ལ་ཕྱག་བྱེད་པ་དང་།
དམ་པའི་སྲོལ་ཏེ་དེ་ནི་དམ་པ་གོང་མ་རྣམས་ཀྱིས་དགེ་བའི་ལས་དང་མཐུན་པ་བཤད་སྲོལ་ཞིག་མཆིས་ཏེ།
ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས།
སྙིང་ནས་དད་དམ་ཇི་ལྟར་དགའ་བ་དང་།།
ཐེ་ཚོམ་གྱིས་སམ་གཞན་གྱི་ངོར་ཡང་རུང་།།
འོན་ཀྱང་ཐུབ་དབང་ཟླ་བ་དེར་ཕྱག་བགྱིད།།
དེས་ནི་ལྷ་ཡི་བདེ་བ་ཕུན་ཚོགས་འཐོབ།།
ཅེས་གསུངས་པས།
བསྟན་བཅོས་རྩོམ་པ་སོགས་ལས་གང་བྱས་ཀྱང་རུང་དང་པོ་ཡུལ་དམ་པ་སོགས་ལ་མཆོད་པ་བརྗོད་པའི་ཚོགས་བསགས་པ་ཡིན་ན།
དེ་ལ་བརྟེན་ནས་གནས་སྐབས་སུ་བསྟན་བཅོས་རྕོམ་པ་ལ་བར་ཆད་མི་འབྱུང་བའི་དགོས་པ་ཡོད།
དེ་ཡང་ཆེད་དུ་བརྗོད་པའི་ཚོམས་ལས།
བསོད་ནམས་བྱས་པའི་མི་དག་ལ།།
གཞན་ལས་བྱུང་བའི་གནོད་པ་དང་།།
ལྷ་དང་བདུད་ཀྱི་རིགས་རྣམས་ཀྱིས།།
བར་ཆད་བྱ་བ་མི་ནུས་སོ།
ཞེས་གསུངས་པ་དང་།
བསྟན་བཅོས་རྕོམ་སྐབས་དབུར་མཆོད་པ་བརྗོད་པའམ་ཕྱག་འཚལ་བ་གང་བྱས་ཀྱང་ཆོག་སྟེ།
ཆོས་རྗེ་ས་པཎ་གྱིས་མཁས་འཇུག་ལས།
བསྟན་བཅོས་བྱེད་པའི་དམ་པ་ཡིས།།
སྟོན་པ་ལ་ནི་མཆོད་བརྗོད་བྱ།།
བསྟན་པ་སྤེལ་ཕྱིར་དག་པའི་ཚིག།
འདི་ལ་འཐད་པ་བཟང་པོ་མཐོང་།།
མཆོད་བསྟོད་འདུད་པའི་བདག་ཉིད་ཅན།།
ཤིས་པ་བརྗོད་སོགས་མི་འགལ་སྟེ།།
ཐམས་ཅད་དུ་ཡང་སྟོན་པ་ཡི།།
ཆེ་བ་འབའ་ཞིག་བརྗོད་ཕྱིར་རོ།།
ཞེས་གསུངས་པའི་ཕྱིར་རོ།།
འོ་ན་འགྱུར་ཕྱག་དེ་དུས་རབས་གང་གི་དུས་བྱུང་ཞེ་ན།
མདོར་ན་འགྱུར་ཕྱག་དེ་བསྒྱུར་བྱའི་གཞུང་དངོས་ལ་མེད་ཀྱང་ལོ་ཙཱ་བ་རྣམས་ཀྱིས་གཞུང་གི་བར་དུ་བཅུག་པ་ཅིག་ཡིན་པ་ཚེ་ཏན་ཞབས་དྲུང་གིས་གསུངས།
ས་བཅད་བཞི་པ།
<<འགྱུར་ཕྱག་བོད་ཀྱི་ཆོས་རྒྱལ་རྣམས་ཀྱིས་བཀས་བཅད་ཡིན་མིན་གླེང་བ>>
བོད་ཀྱི་མཁས་པ་རྣམས་ཀྱིས་འགྱུར་ཕྱག་དེ་བོད་ཀྱི་ཆོས་རྒྱལ་རྣམས་ཀྱིས་བཀས་བཅད་ནས་གསར་བཟོ་བྱས་པ་གསུངས་སྲོལ་ཅིག་དང་།
བསྒྱུར་ཆོས་བསྟན་བཅོས་རང་ལ་འགྱུར་ཕྱག་ཡོད་པ་གསུངས་སྲོལ་གཉིས་མཆིས།
ཚེ་ཏན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་ལས སློབ་དཔོན་ཐོན་མི་ནས་བཟུང་སྔོན་བྱུང་ལོ་ཙཱ་བ་རྣམས་ཀྱིས་སྐད་རིགས་གཞན་གྱི་སྟེང་ནས་རྒྱལ་བའི་སྡེ་སྣོད་གསུམ་སོགས་བོད་སྐད་དུ་བསྒྱུར་བར་མཛད་དུས།འགྱུར་ལེགས་པར་མཐར་ཕྱིན་པའི་དོན་དུ་རང་གི་ལྷག་པའི་ལྷ་ལ་ཕྱག་འཚལ་བའི་མིང་མང་ཉུང་རིགས་བཀོད་ཡོད་པ་ནི་ལོ་ཙཱ་བ་སོ་སོས་བར་དུ་བཅུག་པ་ཡིན་གྱི། བསྒྱུར་བྱའིི་གཞུང་རང་ན་མེད་དོ།།
དེ་ཡང་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་གྱི་དུས་སུ།འདུལ་བའི་སྡེ་སྣོད་ཀྱི་དབུར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་བ་དང་།མདོ་སྡེའི་སྡེ་སྣོད་ཀྱི་དབུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དམ།དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་།མངོན་པའི་སྡེ་སྣོད་ཀྱི་དབུར་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ་ཞེས་བསྒྱུར་བྱའི་གཞུང་དེ་སྡེ་སྣོད་གསུམ་གྱི་གང་ཡིན་ཤེས་ཕྱིར་དེ་ལྟར་སྦྱོར་དགོས་པའི་བཀས་བཅད་པ་མཛད་དོ།
ཞེས་གསུངས།
གཞན་ཡང་ཀརྨ་སྨོན་ལམ་འོད་ཟེར་གྱིིས་སུམ་འགྲེལ་ལས་འགྱུར་ཕྱག་གི་སྲོལ་ཐོག་མར་ལོ་ཙཱ་བ་འདིས་བཏོད་པ་ཡིན་པའང་ཤེས་པར་བྱའོ་ཞེས་སོགས་མཆིས།
དེས་ན་གོང་དུ་ལུང་དྲངས་པ་སོགས་བོད་ཀྱི་མཁས་པ་ཕལ་མོ་ཆེས་འགྱུར་ཕྱག་ནི་བོད་པ་ཉིད་ཀྱིས་བཟོས་པ་གསུངས།
གསུངས་སྲོལ་གཉིས་པ་འགྱུར་ཕྱག་ཅེས་པ་འདི་བསྒྱུར་ཆོས་ཀྱི་བསྟན་བཅོས་ཉིད་ལ་ཡོད་པ་གསུངས་པ་ནི་གྲུབ་དབང་དགེ་འདུན་ཆོས་ཀྱིས་གསུངས།
དེ་ཡང་ཁོང་གིས་སྡེ་སྣོད་གསུམ་ངོས་འཛིན་གྱི་འགྱུར་ཕྱག་དགོས་པ་འདི་ཆོས་རྒྱལ་གྱི་བཀས་བཅད་ཟེར་མོད།
རྒྱ་དཔེ་ཐམས་ཅད་ཀྱི་མགོ་ལ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་དང་།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་སོགས་རྒྱ་ཡིག་རང་བྲིས་སྣང་ཞིང་།ཞེས་པ་དང་།
ཡང་དེ་ཉིད་ཀྱིས་བལ་ཡུལ་དང་རྒྱ་གར་ན་ནང་པའི་དཔེ་ཉུང་ཟད་ཙམ་བཞུགས་པ་དེ་ཀུན་གྱི་དབུ་ལ་ཡང་ཕྱག་འཚལ་ལོ་དེ་ཁོ་ན་ལྟར་སྣང་།ད་དུང་ཨུ་ཚུགས་བྱས་ནས་རྒྱ་གར་དང་མཚུངས་པར་ཆོས་རྒྱལ་གྱིས་བཀས་བཅད་དོ་སྨྲས་པ་ཙམ་འབད།ཅེས་པར་བསྟན་ཏེ་ཚིག་འདི་རིགས་བོད་ཀྱི་ཆོས་རྒྱལ་རྣམས་ཀྱིས་གསར་དུ་བཟོས་པ་མིན་པ་བསྟན།
ས་བཅད་ལྔ་པ།
<<འགྱུར་ཕྱག་ཡོད་མེད་ཀྱིས་སུམ་ཅུ་པའི་རྩ་བ་ཡི་གེ་གང་གི་ཐོག་རྩོམ་མིན་གླེང་བ>>
བོད་ཀྱི་མཁས་པ་ཁ་ཤས་ཀྱིས་སུམ་རྟགས་གཉིས་པོ་ཐོག་མ་སྐད་རིགས་གཞན་གྱི་ཐོག་ལ་བརྩམས་ནས་སླར་བོད་ཡིག་ལ་བསྒྱུར་བ་འཆད་པ་སྨྲ་བ་ཡོད་དེ།
འབྲས་སྤུངས་ཁྲི་ཟུར་བསྟན་པ་བསྟན་འཛིན་གྱིས་སུམ་རྟགས་རྩ་ཚིག་གི་དཀའ་གནད་གསལ་བྱེད་ཉི་ཟླ་ཟུང་འཇུག་ཅེས་པ་ལས འདིར་སྐད་གཉིས་ཤན་སྦྱར་དང་འགྱུར་ཕྱག་མཛད་པའི་དགོས་པ་ལ་འགའ་ཞིག་སུམ་ཅུ་དང་རྟགས་ཀྱི་འཇུག་པ་འདི་ཐོག་མར་བོད་སྐད་དུ་བརྩམས་པ་གཞིར་བྱས་ནས་འཕགས་ཡུལ་གྱི་ཡི་གེ་དང་སྡེབ་སྦྱོར་ལ་དཔེ་མཛད་ནས་རྒྱ་སྐད་སྨོས། ཞེས་པ་དང་། ཡང་བོད་ཀྱི་ཡི་གེའི་མ་ཕྱིའི་དཔེ་སཾསྐྲྀཏ་སྐད་ཡིན་པ་ཁུངས་བསྟན་པའི་ཆེད་ཡིན་སྨོས་པ་སོགས་སྣང་ཡང་།སློབ་དཔོན་འདིས་འཕགས་ཡུལ་དུ་བཞུགས་པའི་བཀའ་དང་བསྟན་བཅོས་རྣམས་ཀྱི་ཚིག་དོན་ཡོངས་སུ་རྫོགས་པ་བོད་སྐད་དུ་བསྒྱུར་བའི་ཆེད་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་བརྩམས་པར་གྲགས་པ་དོན་གནས་ལ།དེ་ཡང་མཉམ་མེད་ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་སྒྲོན་མེ་རྒྱ་སྐད་དུ་བརྩམས་ནས་འཕགས་ཡུལ་དུ་གནས་བརྟན་རཏྣ་ཨ་ཀ་ར་སོགས་ལ་ལམ་སྒྲོན་ཇོ་བོས་ཕྱག་བྲིས་ངོ་མ་གཟུགས་སུ་ཕུལ་ནས་སླར་ཡང་བོད་སྐད་དུ་བསྒྱུར་བ་ལྟར་སློབ་དཔོན་འདིས་ཀྱང་འཕགས་ཡུལ་གྱི་བཀའ་བསྟན་རྣམས་ཇི་བཞིན་བསྒྱུར་དུ་བཏུབ་མིན་ཚོད་ལྟའི་ཆེད་དུ་གཙོ་བོ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་སཾ་སྐད་དུ་བརྩམས་ནས་སྐད་གཉིས་ཤན་སྦྱར་དང་།
འགྱུར་མཐར་ཕྱིན་པའི་ཕྱག་ཀྱང་མཛད་ནས་བོད་སྐད་དུ་བསྒྱུར་བར་མཛད་པས་འདི་གཉིས་ཀྱི་སྲོལ་ཡང་ཐུ་མི་རང་ཉིད་ཀྱིས་ཕྱེ་བ་ཡིན་ནོ་ཞེས་གསུངས།
གཞན་ཡང་འགོས་པདྨ་རྒྱལ་མཚན་གྱིས་བརྡ་སྤྲོད་པའི་གྲུབ་མཐའི་གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག་ལས སུམ་རྟགས་གཉིས་ཀའི་རྩ་བར་བྱཱཀརཎ་ཞེས་པ་ཚར་གཉིས་གཉིས་འབྱུང་བས་མཚོན་པ་དང་ཐོན་མིས་ལེགས་སྦྱར་སྦྱངས་པ་དང་ལེགས་སྦྱར་གྱི་བརྡ་སྤྲོད་ལ་དཔེ་བླངས་ནས་བརྩམས་པ་གསལ་བར་ཐོན་ཞིང་།དང་པོ་བོད་སྐད་ཀྱི་བརྡ་སྤྲོད་གཏན་འབེབས་བྱེད་པའི་དུས་བོད་ཀྱི་ཡི་གེ་དང་ཡིག་གཟུགས་བརྡ་སྤྲོད་མེད་པས་ལེགས་སྦྱར་སྐད་ཐོག་ཟིན་བྲིས་བཏབ་པ་དང་རྩ་བ་བརྩམས་ནས་བོད་ཀྱི་ཡི་གེིའི་གྲངས་དང་ཡིག་གཟུགས་དང་བརྡ་སྤྲོད་གཏན་འབེབས་མཛད་དུས་བརྡ་སྤྲོད་དང་པོ་ལ་བྱཱཀརཎ་ནཱམ་དང་།གཉིས་པ་ལ་བྱཱ་ཀརཎ་ལིངྒཱཝཏཱར་ཞེས་མིང་བཏགས།དེ་རྗེས་བོད་སྐད་ཐོག་བསྒྱུར་དུས་འགོར་ལེགས་སྦྱར་སྐད་ཐོག་བརྩམས་པའི་མིང་དང་བོད་སྐད་དུ་བསྒྱུར་བའི་མིང་རང་སོར་བཞག།དེ་ནས་འགྱུར་ཕྱག་མཛད་པ་བཞིན་ཕྱིས་ལོ་ཙཱ་བ་ཚོས་རྒྱ་གར་ནས་བསྒྱུར་བའི་ལེགས་སྦྱར་སྐད་ཐོག་ཡོད་པའི་བཀའ་བསྟན་འགོར་ཡང་དེ་ལྟར་རྗེས་ཟློས་མཛད་པར་མངོན།དེ་ལྟར་མི་མཛད་ཀ་མེད་ཡིན་ཏེ་དང་པོ་ནས་བོད་སྐད་ཐོག་ཟིན་བྲིས་བཏབ་པ་དང་བསྟན་བཅོས་ཀྱི་དངོས་གཞི་བརྩམ་རྒྱུའི་ཡི་གེ་དང་ཡིག་གཟུགས་དང་བརྡ་སྤྲོད་མེད་པའི་ཕྱིར་རོ།།མདོར་ན་ལེགས་སྦྱར་གྱི་མིང་ཚིག་ཡང་ཡང་འབྱུང་བ་འདི་ལ་རྒྱུ་མཚན་གསལ་ཤོས་མངོན་སུམ་རྟགས་ཀྱིས་བདེན་པ་ངོ་སྤྲོད་པ་འདི་ནི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཡིན་ཞེས་སོགས་གསུངས།
འདི་ལ་ན་གཱ་སངས་རྒྱས་བསྟན་དར་གྱིས་བོད་ཀྱི་བརྡ་སྤྲོད་ནག་ཊྀཀ་ལས ལྷག་པར་འགོས་ཀྱིས་སུམ་རྟགས་རྩ་བ་དང་ཐོག་ལེགས་སྦྱར་སྐད་ཐོག་བརྩམས་པ་འཛམ་གླིང་རྒྱན་གཅིག་ནང་གསལ།བཤད་པ་ཤིན་ཏུ་སྙིང་རྗེ་བོ་ཞིག་ཏུ་སྣང་ཡང་དོན་ལ་རན་པར་ཤིན་ཏུ་དཀའ།ལེགས་སྦྱར་སྐད་དུ་དོན་སྟོན་པའི་བསྟན་བཅོས་ཇི་སྙེད་ཅིག་བརྩམ་རུང་ཡང་བོད་སྐད་ཀྱི་སྒྲའི་བསྟན་བཅོས་ལེགས་སྦྱར་སྐད་དུ་བརྩམས་པ་ནི་དགོས་པ་མེད་པས་མ་ཚད་བརྩེགས་ཡིག་དང་འཕུལ་རྟེན་འཇུག་ཚུལ་གྲུ་ཕྱིན་པ་ལེགས་སྦྱར་དུ་སྟོན་དུ་མེད་དེ།ལེགས་སྦྱར་ལ་བོད་སྐད་ནས་བཤད་པའི་བརྩེགས་ཡིག་དང་འཕུལ་རྟེན་གཞི་མ་གྲུབ་པའི་ཕྱིར།ཞེས་དང་།ཡང་སུམ་ཅུ་པའི་བསྟན་བཅོས་སོགས་བརྩམས་སྐབས་ཚིག་འགྲོས་ལ་ལར་ལེགས་སྦྱར་གྱི་ཤན་ཞུགས་པ་ནི་སྨོས་མི་དགོས་ཤིང་།སྔོན་རྗེ་ཡང་གསུམ་དང་མགོ་ཅན་འདོགས་ཅན།ཚིག་སྒྲུབ་ཀྱི་གོ་རིམ་སོགས་གང་གི་ཆ་ནས་ཀྱང་ལེགས་སྦྱར་དང་།འབྲེལ་བ་གཏན་ནས་མེད།སྒྲ་གདངས་ནི་སྐད་སྤྱིའི་སྒྲ་གདངས་ཤིག་ཡིན་པ་རེད།ཅེས་སོགས་སུམ་ཅུ་པ་སོགས་ལེགས་སྦྱར་གྱི་སྐད་ལ་བརྩམ་པ་གསུང་མཁན་རྣམས་ལ་དགག་པ་བྱས་ཡོད།དེ་ནི་འཐད་ལྡན་ཞིག་ཏུ་མཐོང་ནས་བཀོད་པ་ཡིན་ནོ།།
2018 06 03

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*