རྩོམ་པ་པོ། འབྱམས་ཀླས་པ་ནས། ( བོད་འབྱོར་རྩོམ་ཡིག)
༼༡༽
བན་ཆུང་ཁྱིམ་ལ་ཆགས་ནས།།
རེ་ཞིག་སྡོད་གཞག་བསམ་ཡང་།།
འཆི་བའི་སྣང་བ་དྲན་ནས།།
འདུག་ཐབས་སེམས་ནས་བྲལ་སོང་།།
༼༢༽
གུར་དཀར་ཁྲ་མོའི་ནང་དུ།།
སྒྲོལ་མའི་མཚམས་ཤིག་སྡོད་དུས།།
གུར་མཐའ་རླུང་གིས་སྤུར་ནས།།
སྡོད་ཐབས་མེད་པ་བཟོས་སོང་།།
༼༣༽
དབྱར་གསུམ་སྤང་དཀར་སྟེང་ལ།།
སྒྲོལ་མའི་མེ་ཏོག་བཀྲ་དུས།།
བསྟན་གྱི་འདུག་ས་འཚོལ་རུང་།།
མེ་ཏོག་སེར་བས་བཅོམ་སོང་།།
༼༤༽
བྱིའུ་ཕྲུག་འཕུར་རྩལ་ཆུང་ཡང་།།
བྲག་རིས་རྩེ་ལ་ལྟ་བཞིན།།
ཐང་དཀར་རྒོད་པོའི་གཤོག་རྩལ།།
རེ་བ་སེམས་ལ་ཉར་ཡོད།།
༼༥༽
ལས་འཕྲོ་ཅན་གྱིས་ས་བོན།།
མ་བཏབ་སྒྲོམ་ལ་ཉར་རུང་།།
ཞིང་ནང་བཏབ་པའི་ས་བོན།།
འབྲས་བུ་སྨིན་པ་འདྲ་བྱུང་།།
༼༦༽
དཀར་གསལ་ཟླ་བ་བཞུད་དེ།།
ནུབ་རི་ལ་མོ་བརྒལ་ཡང་།།
མ་ཤར་དུང་མདོག་ཟླ་བས།།
མུན་པ་སེལ་བས་འགྲིགས་སོང་།།
༼༧༽
དབེན་པའི་རི་ཁྲོད་འགྲིམས་ནས།།
དག་པའི་སྣང་བ་བསྒོམས་ཀྱང་།།
མ་བསྒོམ་ཀུན་རྫོབ་སྣང་བ།།
ཡིད་ལ་གསལ་ལེ་འཆར་བྱུང་།།
༼༨༽
བྱམས་པ་རྒྱང་ལ་བཞུད་དེ།།
མ་མཇལ་ལོ་ཟླ་འགོར་རུང་།།
རྨི་ལམ་ནང་གིས་བྱམས་པས།།
མཇལ་ཁ་གནང་བས་ཆོག་སོང་།།
༼༩༽
ས་འོག་གྲོག་འབུ་ཡིན་རུང་།།
རེ་ཞིག་གནམ་ལ་འཕུར་དུས།།
ས་སྟེང་རྐང་གཉིས་འབྱམས་ཀླས།།
འཕུར་འདོད་ལྷག་ཏུ་སྐྱེས་སོང་།།
༼༡༠༽
ནགས་ཚལ་སྟུག་པོའི་སྡོང་པོ།།
བཏུ་དུས་སེམས་པ་སྐྱོ་ཡང་།།
ལྷ་ཁང་ཀ་བ་སྒྲེང་དུས།།
ཡིད་སེམས་དགའ་བས་ཁེངས་སོང་།།
༼༡༡༽
ཨ་མའི་ཞལ་ངོ་དྲན་ཞིང་།།
རང་སེམས་གཟུང་ཐབས་བྲལ་དུས།།
མཁན་པོའི་གདམས་ངག་ཟབ་མོས།།
ཨ་མི་ཞལ་རས་ཆོག་སོང་།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།