ལྷ་ཆེན་པོ།

རྩོམ་པ་པོ།  འདྲུ་བཀྲ་ཤིས་རྒྱལ། ( བོད་འབྱོར་རྩོམ་ཡིག) 

ལྷ་ཆེན་པོ། ས་སྐྱ་པཎ་ཆེན་རྗེས་སུ་དྲན་པ། དད་སེམས་ཀྱི་ངོས་སུ་རི་མོ་ཞིག་གསལ་བོར་བརྐོས། ཡིན་རྒྱུ་ནི་ལོ་རྒྱུས་ཀྱི་བར་ཚིགས་ནས་བྱོན་པའི་སྐྱེས་ཆེན་ཞིག་སྟེ། རྣམ་ཐར་དང་རྟོགས་བརྗོད་ཀྱིས་བཞེངས་མི་ཐུབ་པའི་ལྷ་ཆེན་པོ་ཞིག་ཀྱང་ཡིན། རྣམ་དཔྱོད་ཀྱི་གཤོག་ཟུང་རྒྱས་པའི་ལྷ་ཆེན་པོས། མིའི་རིགས་ཀྱི་འདོད་པ་འཇོ་བའི་བཅུ་ཕྲག་རིག་མཛོད་ཆེན་མོའི་སྒོ་གླེགས་ཡངས་པོར་ཕྱེ་ཡོད། ངོམས་པ་མེད་པ་ནི་བདུད་རྩིའི་ཉིང་བཅུད་མ་ཡིན་པར་ལྷ་ཆེན་པོའི་དངོས་གྲུབ་དག་ཡིན།   སྙན་གྲགས་རྒྱུ་སྐར་ཀྱི་འདབ་རྒྱ་མཐོ་སྒང་ནས་ལྷུག་པར་གྲོལ་ཏེ་འཛམ་བུ་གླིང་པའི་མཁའ་དབྱིངས་སུ་བཞད་པའི་སྣ་བརྒྱའི་མེ་ཏོག །རིགས་དྲུག་འགྲོ་བའི་སེམས་ཀྱི་དྲན་ཤིང་དུ་བྲིས་པའི་དད་སེམས་ཀྱི་རི་མོ་སྙིང་ལ་སྡུག་པོ།   མཛད་འཕྲིན་རླབས་པོ་ཆེའི་ངོས་ཡངས་ནས། ལྷ་ཆེན་པོའི་འཛུམ་ཞལ་སྐལ་ལྡན་གདུལ་བྱ་དག་གི་སེམས་ངོར་རྣམ་པར་འཁྱིལ། ཐ་ན་ཡིད་ཀྱི་བརྟན་པ་ཡང་ནམ་མཁའི་རྒྱུ་སྐར་བཞིན་དུ་ཕྲེང་བར་རྒྱུ། དུས་མཐའི་བསྟོད་དབྱངས་ཀྱི་བར་ནས་ལྷ་ཆེན་པོའི་མཚན་སྙན་གྱི་བ་དན་ནི་སྲིད་གསུམ་ཀུན་ཏུ་རྣམ་པར་གཡོ། འགྲོ་བའི་འདྲེན་པ་ནི་ལྷ་ཆེན་པོ་ཡིན། ལྷ་ཆེན་པོས་བོད་འབངས་རྣམས་ཚེ་སྲོག་གི་འཇིགས་པ་ལས་སྐྱབས། ཚེ་སྲོག་འབེན་ལ་བཙུགས་ཏེ་དྲག་པོའི་དམག་སྟོབས་ཀྱི་ཁ་ལོ་བསྒྱུར། ཆོས་ལྡན་གྱི་བོད་ཁམས་བརྟན་ལྷིང་གི་གོང་བུ་གཅིག་ཏུ་སྒྲིལ། མཁྱེན་པའི་ངང་པ་གཤོག་ཡངས་རྣམ་པར་རྒྱས་ཏེ་བཅུ་ཕྲག་རིག་གནས་རྒྱ་མཚོའི་ཕ་མཐའ་བཅད། ཟླ་བ་ལྟ་བུའི་ལྷ་ཆེན་པོ་ནི་མཁས་མང་སྐར་ཚོགས་ཀྱི་ཕྲེང་བའི་དབུས་མངོན་པར་འཕགས། ད་ལྟའང་མི་རྣམས་ཀྱི་སེམས་ངོར་བཞད་ནས་ཡོད་པའི་ལྷ་ཆེན་པོ། དུས་གསུམ་གྱི་བདེ་གཤེགས་ནི་ཁྱོད་ཁོ་ནའོ། ། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*