དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། བོད་མི་ནི་རྣམ་རྟོག་དང་རྟེན་འབྲེལ་ལ་མངའ་བརྙེས་པ་ཞིག་ཡིན་ཚུལ་གསུངས་པ་ལྟར། ཆོས་ལུགས་ཀྱི་བག་ཆགས་ཟབ་མོས་རྐྱེན་པས་བོད་མིའི་བསམ་པའི་ནང་ལྷ་འདྲེའི་གནོད་པ་དང༌། བགེགས་དང་བར་ཆད་མི་ཡོང་ངམ་སྙམ་པའི་རྣམ་རྟོག་ཆེན་པོ་ཡོད། དེར་བརྟེན་བོད་མིས་གནོད་པ་འགོག་རྒྱུ་དང་བགེགས་བར་བཟློག་སླད་ཐབས་ཤེས་སྣ་ཚོགས་ཤིག་ཀྱང་བྱེད་སྲོལ་ཡོད། དེའི་ནང་ནས་རྐེད་པར་ལོ་འཁོར་མེ་ལོང་འདོགས་པ་དེ་ཡང་ནག་རྩིས་ཀྱི་སྲུང་ཐབས་གཅིག་ཡིན།
དེ་ཡང་ལོ་འཁོར་མེ་ལོང་གི་མདུན་ངོས་སུ་སྤར་ཁ་དང༌། སྨེ་བ། ལོ་འཁོར་བཅུ་གཉིས་དང་རྫི་པར་སོགས་ཀྱི་རི་མོ་བྲིས་ཡོད་པས། དེ་ཉིད་རང་ཉིད་ཀྱི་རྐེད་པར་བཏགས་ན་བུམ་སྟོང་ལ་སོགས་པའི་ཁ་ཕྱོགས་ངན་པ་དང༌། གཟའ་སྐར་ངན་པ་བཟློག་པ་མ་ཟད། ས་བདག་ཀླུ་གཉན་གྱི་གནོད་པ་འགོག་ཐུབ་ཅེས་བརྗོད་སྲོལ་ཡོད་པ་ལ་བརྟེན་ནས་ལོ་འཁོར་མེ་ལོང་འདོགས་པའི་སྲོལ་དེ་ཆགས་པ་མིན་ནམ་སྙམ། འོན་ཀྱང་རྩ་བ་འཛིན་ས་ཡོད་པའི་ཡིག་རིགས་སོགས་ལག་སོན་མ་བྱུང་བས་དཔྱད་གཞི་ཙམ་དུ་ཕུལ།
བུམ་སྟོང་ཞེས་པ་ནི་བུམ་པ་སྟོང་པའི་རང་བཞིན་ཏེ། རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱིས་རྟེན་འབྲེལ་གྱི་བྱ་བའི་ལས་སྣེ་གཏོད་པ་ལ་སོགས་པའི་སྐབས། བུམ་སྟོང་འཁེལ་བའི་ངོས་སུ་ཁ་མི་ཕྱོགས་པ་ཡིན། བུམ་སྟོང་ཞེས་པ་ནི་ལོ་གཅིག་གི་ནང་ཕྱོགས་བཞི་སོ་སོར་ཟླ་བ་གསུམ་རེ་འཁེལ་ཞིང༌། ཤར་དུ་བོད་ཟླ་གསུམ་བདུན་བཅུ་གཅིག་གསུམ་དང༌། ལྷོར་བཞི་བརྒྱད་བཅུ་གཉིས་གསུམ། ནུབ་ཏུ་ལྔ་དགུ་དང་པོ་གསུམ། བྱང་དུ་གཉིས་དྲུག་བཅུ་གསུམ་འཁེལ་བ་རྣམས་ནི་རགས་པ་ཡིན། ཞིབ་ཕྲ་ཟླ་བ་སོ་སོའི་ཁྱིམ་སླེབས་ཚེས་གྲངས་ལ་བལྟས་ནས་བརྩི་དགོས་སོ།
སྤར་ཁ་བརྩི་སྟངས་ནི། དང་པོ་སྤར་ཁ་ལ་དབྱེ་ན་ལི་མེ། ཁོན་ས། དྭ་ལྕགས། ཁེན་གནམ། ཁམ་ཆུ། གིན་རི། ཟིན་ཤིང༌། ཟོན་རླུང་བཅས་བརྒྱད་ལས། བརྩི་བྱ་སྐྱེས་པ་ཡིན་ན་སྤར་ཁ་ལི་ཐོག་ནས་གཡས་སུ་བསྐོར་བ་དང་ལོ་གྲངས་གར་བབས་ཀྱི་སྤར་ཁ་དེ་ཡིན། བུད་མེད་ཡིན་ན་སྤར་ཁམ་ཐོག་ནས་གཡོན་དུ་བསྐོར་བ་དང་ལོ་གྲངས་གར་བབས་ཀྱི་སྤར་ཁ་དེ་ཡིན་ནོ།
སྨེ་བ་དགུ་ནི། གཅིག་དཀར། གཉིས་ནགགསུམ་མཐིང༌། བཞི་ལྗང༌། ལྔ་སེར། དྲུག་དཀར། བདུན་དམར། བརྒྱད་དཀར། དགུ་སྨུག་བཅས་ཀྱི་བརྩི་ཚུལ་ཡིན་ཞིང༌། རྒྱས་པར་རྩིས་གཞུང་སོགས་ལ་གཟིགས་པར་འཚལ་ལོ།།
Leave a Reply