རྗེ་བདག་ཉིད་ཆེན་པོ་ཁྱབ་བདག་པ་འཇམ་དབྱངས་བླ་མ་མཐུ་སྟོབས་སེང་གེ་མཆོག་ལ་བསྟོད་པ་མུ་ཏིག་འཕྲེང་བ་བཞུགས་སོ།
རྩོམ་པ་པོ། དིང་རི་ཀུན་ཤེས།
དག་པ་འོག་མིན་སྟུག་པོའི་ཞིང་ཁམས་ནས། །
དག་པ་ས་ལ་འཕོས་འདྲའི་གནས་མཆོག་སུ། །
དག་ཀྱང་མ་དག་ཚུལ་འཛིན་ཐབས་མཁས་ཅན། །
དག་པ་ཡི་དམ་ཁྱེད་ལ་ཕྱག་འཚལ་ལོ། །
གནས་མཆོག་ལྷ་ཡི་ཞལ་གཡས་རབ་དོར་ནས། །
གནས་ཆེན་དཔལ་ལྡན་ས་སྐྱ་ཞེས་གྲགས་འདིར། །
གནས་ལྔའི་ཆོས་འཁོར་བསྐོར་མཛད་བདག་ཉིད་ཅན། །
གནས་ལྔའི་བདག་ཉིད་ཅན་ལ་ཕྱག་འཚལ་ལོ། །
མུན་ཁུང་མུན་ནག་མུན་པའི་འཁོར་བའི་ནང་། །
བླུན་པོ་བླུན་རྨོངས་བླུན་ཕྲུག་ཚོགས་རྣམས་ལ། །
ཐར་བྱེད་ཐར་པའི་ཐར་ལམ་སྟོན་མཁས་པ། །
འདྲེན་པའི་འདྲེན་གཙོ་འདྲེན་མཆོག་བླ་མ་མཆོད། །
སྣ་ཚོགས་གྲུབ་མཐར་མཁས་པའི་རྣལ་འབྱོར་པ། །
སྣ་ཚོགས་ཤེས་བྱའི་གནས་ལ་མཁས་པ་ཅན། །
སྣ་ཚོགས་གདུལ་བྱ་གདུལ་བའི་ཐབས་མཁས་ཅན། །
སྣ་ཚོགས་འགྲོ་བའི་ངེས་དོན་མགོན་སྐྱབས་མཆོད། །
སྐུ་ནི་ཕུན་ཚོགས་མཚན་དཔེས་རབ་ཏུ་རྒྱན། །
གསུང་གི་གྲངས་མེད་འགྲོ་ལ་ཆོས་སྦྱིན་མཛད། །
ཐུགས་ནི་ཐེག་པ་ཆེན་པོའི་ཉམས་ལེན་གཞོལ། །
མཛད་པ་གྲངས་མེད་ཁྱེད་ལ་ཕྱག་འཚལ་ལོ། །
འཆད་དུས་ཉེས་སྐྱོན་དྲི་མས་མ་གོས་པར། །
རྒྱལ་བ་ཡང་དག་རྫོགས་སངས་རྒྱས་དེ་ཡི། །
བཞི་ཁྲི་བརྒྱད་སྟོང་དགོངས་པ་གང་ཡིན་པ། །
འགྲོ་ལ་སྟོན་མཛད་བླ་མ་ཁྱེད་རྒྱལ་ལོ། །
རྩོད་ཚེ་ཕ་རྒོལ་རྒྱུད་ཀྱི་ལོག་རྟོག་དག །
ཡང་དག་ཐལ་འགྱུར་རེ་རེས་བཅོམ་མཛད་ནས། །
ཡང་དག་ཐར་བའི་ལམ་ལ་འཇུག་མཛད་པ། །
སྐལ་ལྡན་དག་གི་མགོན་སྐྱབས་ཁྱེད་རྒྱལ་ལོ། །
རྩོམ་ན་སྔོན་འབྱོན་ཕྱོགས་གླང་ཡབ་སྲས་དང་། །
འཇམ་དབྱངས་གསུམ་སོགས་སྐྱེས་བུ་དམ་པ་ཚོས། །
གསུང་གི་དགོངས་པ་འགལ་མེད་གཅིག་བསྡུས་ནས། །
སློབ་བུའི་མ་རིག་གསལ་མཁན་ཁྱེད་རྒྱལ་ལོ། །
མཁས་མཁས་ས་སྟེང་བསྟན་འཛིན་གཙུག་གི་ནོར། །
མཁས་མཁས་ལྔ་རིག་ནོར་བུའི་བང་མཛོད་ཆེ། །
མཁས་མཁས་རྗེ་བཙུན་འཇམ་དབྱངས་དབྱེར་མེད་པ། །
མཁས་མཁས་རྒྱལ་བ་རྡོ་རྗེ་འཆང་དངོས་མཆོད། །
བཙུན་བཙུན་གདུལ་བ་འཛིན་པ་ཀུན་གྱི་རྒྱན། །
བཙུན་བཙུན་ཤེས་བྱ་སྟོང་གི་རབ་རྒྱན་ནས། །
བཙུན་བཙུན་བཙུན་པ་ཀུན་གྱི་མཛེས་རྒྱན་སྟེ། །
བཙུན་བཙུན་བཙུན་པ་དམ་པ་ཨེ་མ་རྨད། །
བཟང་བཟང་ཐར་པའི་ལམ་བཟང་རབ་འགྲོད་ཀྱང་། །
བཟང་བཟང་བླ་མའི་ཞབས་ཀྱི་རྡུལ་ཡན་ནས། །
བཟང་བཟང་བཟང་པོའེ་སྒོ་ནས་མཆོད་མཛད་པ། །
བཟང་བཟང་དཔལ་ལྡན་བླ་མར་ཕྱག་འཚལ་ལོ། །
རབ་ཚར་རྒྱལ་བའི་བསྟན་པ་གང་དེ་ཡི། །
རབ་བརྗིད་རྗེས་འཇུག་དབུས་ན་ལྷང་ངེ་བ། །
རབ་བརྗིད་དཔལ་ལྡན་བླ་མ་གང་དེ་ཡི། །
རབ་བརྗིད་སྐུ་ཚེ་མི་འགྱུར་བརྟན་འགྱུར་ཅིག །
ཅེས་ས་མགོན་པོ་གང་གི་སྐུ་ཡི་བསིལ་གྲིབ་འོག་ཏུ་འཚོ་བ་གུས་སློབ་དིང་རི་བ་ཀུན་ཤེས་ནས་རྣམ་འཕྱང་ས་ཁྱི་ལོར་མགོན་པོ་གང་གི་ཐུགས་ཡེ་ཤེས་ཀྱིས་རང་སྣང་ལས་གྲུབ་པའི་ཆོས་གྲྭ་ཆེན་པོ་བརྩེ་ཆེན་ཀུན་དགའི་གླིང་གི་མཛད་སྒོའི་སྐབས་སློབ་གླིང་དེ་གར་སྦྱར་བའོ།།
Leave a Reply