དྲི་བཞོན་དགུ་ཚིགས།

སྤྲུལ་བའི་རོལ་གར་མཐའ་བཞིའི་གཡུལ་ལས་རྒྱལ།།
འཁོན་གདུང་རིག་གསུམ་རྒྱལ་བའི་འཕོས་པའི་ལྷ།།
རྒྱལ་ཀུན་མཁྱེན་པའི་རྩ་བའི་བླ་མ་དེས།།
ཉོན་ཤེས་མུན་པ་འཇིལ་བའི་དངོས་གྲུབ་སྩོལ།།
དེང་འདིར་མཁྱེན་གཉིས་སྤྱན་རས་དག་པའི་དབུས།།
སོར་མོའི་ལྕུག་ཕྲན་འདར་བའི་མི་བུ་འགས།།
བརྡ་དག་སྙན་ལ་ཅུང་ཙམ་འབུར་དོད་ཀྱིས།།
སྔོན་བྱོན་མཁས་གྲུབ་དམ་པའི་གཞུང་དོན་ལ།།
སྲིན་བུ་མེ་ཁྱེེར་དཔེ་བཞིན་བགྱིད་བ་འདིར།།
རང་མཚང་གཏོལ་བའི་ཡོན་ཏན་འུར་ཤོབ་བསྙད།།
སྣ་ཚོགས་ཤེས་བྱའི་རྒྱུ་སྐར་བཀྲ་ཚུལ་དང་།།
བློ་གྲོས་སྤོས་ཐལ་སྟེར་བའི་ཁ་མདོག་སྒྱུར།།
དེང་འདིར་མཁས་དབང་ཁྱུ་མཆོག་དྲྭ་སྟེང་འདིར།།
གྲུབ་མཐའི་མེས་པོ་དམ་པའི་ཟབ་གནད་ལ།།
གཉིས་ཕན་བློ་གྲོས་གཤོག་རྩལ་རྒྱས་པ་དང་།།
སྙན་ཚིག་ཡལ་འདབ་རྒྱས་པའི་གླེང་མོལ་ལས།།
ཕྱོགས་ཞེན་རྗེས་ཆགས་དྲི་ངན་མི་གཏོར་བར།།
གཞན་སེམས་དཀྲུག་པའི་དྲེགས་པའི་དུས་ཡོམ་འདིས།།
དགེ་བཤེས་རྟོག་གེས་གཅམ་བུའི་ཚིག་དུམ་ལས།།
གཙུག་ལག་ལྗོན་བཟང་ཡལ་འདབ་གདོད་ནས་དབེན།།
དེའི་ཕྱིར་མཁས་དབང་དྲྭ་ཚིགས་འདུས་ཚོགས་འདིར།།
མདོ་རྒྱུད་གངས་རིའི་སྤོ་ལ་མཆོངས་བ་དང་།།
བདེན་པའི་ལུང་རིགས་གད་རྒྱངས་སྒྲོགས་དང་ཀྱེ།།
གདོང་མཁན་དྲི་བཞོན་དགུ་ཚིགས་མཐའ་རུ་ནས།།
འཁོར་འདས་ཆོས་ཀྱི་གཤིས་ལུགས་བགྲོ་ན་འདོད།།
མདོ་སྔགས་ཀློང་ནས་མན་ངག་བདུད་རྩིའི་སྐྱེམས།།
ཤེས་རབ་ཧུབ་ཀྱིས་བཞེས་པའི་མགྲིན་བཟང་འདིས།།
ཟབ་དོན་ལུགས་རིགས་རྒྱང་གླུ་གཏོང་ན་འདོད།།
གདོང་མཁན་པས་ཨ་རི་ནེའུ་ཡོག་རྒྱ་སེ་ཧེ་ནས་མགྲིན་ནས་ཐལ།
༢༠༡༨/ ༨/༡༩

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*