མདོ་ལས་ཕ་མ་གཉིས་ལ་མཆོད་པ་དང་གཡོག་བྱེད་པ་ནི་ཚངས་པ་དང་ལྡན་པ་ཡིན་གསུངས།

མདོ་ལས་ཕ་མ་གཉིས་ལ་མཆོད་པ་དང་གཡོག་བྱེད་པ་ནི་ཚངས་པ་དང་ལྡན་པ་ཡིན་གསུངས། 

    བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།  དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་ལེགས་པར་མཆོད་པ་བྱེད་པ་དང་ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ།      །དེ་ཅིའི་ཕྱིར་ཞེ་ན།   དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ།   །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་ལེགས་པར་མཆོད་པ་བྱེད་པ་དང་ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་དཔོན་དང་ལྡན་པ་ཡིན་ནོ།  །དེ་ཅིའི་ཕྱིར་ཞེ་ན།   རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བའི་ཕྱིར་རོ།   ། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་ལེགས་པར་མཆོད་པར་བྱེད་པ་དང་ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ།   །དེ་ཅིའི་ཕྱིར་ཞེ་ན།  དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ།    །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་ལེགས་པར་མཆོད་པར་བྱེད་པ་དང་ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མི་དང་ལྡན་པ་ཡིན་ནོ།    །ཅིའི་ཕྱིར་ཞེ་ན།  དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་རོ།    ། 

དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་ལེགས་པར་མཆོད་པར་བྱེད་པ་དང་ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ལྷ་དང་ལྡན་པ་ཡིན་ནོ།    ། དེ་ཅིའི་ཕྱིར་ཞེ་ན།  དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ།   །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ།   བདེ་བར་གཤེགས་པས་དེ་སྐད་གསུངས་ནས་གཞན་ཡང་སྟོན་པས་འདི་སྐད་ཅེས་བཀའ་སྩལ་ཏོ།  །ཕ་མ་གཉིས་ནི་ཚངས་པ་སྟེ།  །དེ་བཞིན་དང་པོའི་སློབ་དཔོན་ཡིན།   །བུ་ཡི་ཀུན་སྦྱིན་འོས་གྱུར་པ།  །མི་ཡང་ཡིན་ལ་ལྷ་ཡང་ཡིན།   །དེ་ཕྱིར་དེ་གཉིས་ཕྱག་གི་གནས།  །དྲིལ་བ་དང་ནི་ཁྲུས་རྣམས་དང་།   །རྐང་པ་དག་ཀྱང་བཀྲུ་བ་དང་།    །ཡང་ན་ཟས་དང་སྐོམ་རྣམས་དང་།   །གོས་དང་མལ་ཆ་སྟན་རྣམས་ཀྱིས།   །མཁས་པ་དག་གིས་བཀུར་སྟི་བྱ།   །ཕ་མ་དག་ལ་བཀུར་བྱས་པ།   །དེས་ན་མཁས་པ་དེ་དག་ནི།   །འདིར་ཡང་སྨད་པར་མི་འགྱུར་ལ།   ཤི་ནའང་མཐོ་རིས་དགའ་བར་འགྱུར། ། མདོ་ལས་འབྱུང་ངོ་། ། 

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*