ས་སྐྱ་གོང་མའི་ཐུགས་བཞེད་དང་བོད་པའི་སྤྱི་ཚོགས་ཀྱི་དད་འདུན།

ས་སྐྱ་གོང་མ་དང་བོད་འབངས།

རྩོམ་པ་པོ།   ཁམས་ཐོས་སྲས།   
བོད་ཆེ་དགུ་ཀུན་གྱི་གཙུག་རྒྱན་སྐྱབས་མགོན་གོང་མ་བདག་ཁྲི་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་ནི་མདོ་སྔགས་ཟུང་འབྲེལ་དང་གསང་སྔགས་གསར་རྙིང་གཉིས་ཀའི་བདག་པོར་གྱུར་པའི་དཔལ་ལྡན་ས་སྐྱ་པའི་བླ་ན་མེད་པའི་ཆེས་མཐོའི་དབུ་ཁྲིད་ཡིན་ལ། དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ནི་བོད་ཀྱི་ཆོས་བརྒྱུད་སྔ་གྲས་དང་།  མཚན་སྙན་དང་གཟི་བྱིན་ཆེས་ཆེར་འབར་བའི་ཆོས་བརྒྱུད་ཅིག་ཀྱང་ཡིན།  སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་དུ་འཇམ་མགོན་ས་པཎ་ཁུ་དབོན་གྱི་བླ་ན་མེད་པའི་བདག་རྐྱེན་དང་སྐུ་དྲིན་ལ་བརྟེན་ནས་བོད་འབངས་སྤྱི་ལ་དབང་བསྒྱུར་ཏེ།  བོད་ཀྱི་ཁོར་ཡུག་དང་མངའ་ཁོངས།  ཆབ་སྲིད་དང་དཔལ་འབྱོར།  ཆོས་ལུགས་དང་རིག་གནས་བཅས་ལ་བདག་པོར་མཛད་པར་མ་ཟད།  བོད་བརྒྱུད་ནང་བསྟན་ཆོས་ལུགས་བོད་ཀྱི་ས་མཚམས་ལས་བརྒལ་ཏེ་རྒྱལ་ཁམས་གཞན་ལ་ཡང་ཡང་སྤེལ་བའི་རླབས་ཆེན་གྱི་མཛད་པ་དང་མཚན་སྙན་ཡང་ཤིན་ཏུ་ཆེ་བ་ལགས།   དེ་ཡང་འཁོན་ཀླུའི་དབང་པོ་བསྲུངས་བ་ནས་འཁོན་རོགས་ཤེས་རབ་ཚུལ་ཁྲིམས་ཀྱི་བར་དུ་བྱུང་བའི་འཁོན་གྱི་གདུང་བརྒྱུད་མང་ཆེ་བས་གསང་སྔགས་གསར་མ་གནང་ན་ཡང་།  འཁོན་རོགས་ཤེས་རབ་ཚུལ་ཁྲིམས་ཀྱི་གཅུང་པོ་འཁོན་དཀོན་མཆོག་རྒྱལ་པོས་དགོས་དབང་སྣ་ཚོགས་ལ་དམིགས་ཏེ་གསང་སྔགས་གསར་མའི་སྒྲུབ་པ་དང་བསྟན་པ་ཤུགས་ཆེར་སྤེལ།   དཔལ་ལྡན་ས་སྐྱར་གནས་གཞི་བཟུང་བས་དེ་ནས་བཟུང་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་རིམ་བྱོན་ལ་འོད་གསལ་ལྷའི་རིགས།  དྲི་མེད་འཁོན་གྱི་གདུང་།   དཔལ་ལྡན་ས་སྐྱ་པ་ཞེས་མཚན་མཆོག་གསུམ་ལྡན་དུ་གྲགས་པ་ཆེ།  སྤྱི་ལོའི་དུས་རབས་བཅུ་གཅིག་པ་དང་།  བཅུ་གཉིས་པ་སྟེ་ལོ་ངོ་ཉིས་བརྒྱ་ཡར་མར་གྱི་རིང་དུ་དཔལ་ལྡན་ས་སྐྱའི་ཆོས་སྡེ་ཆེན་མོའི་གདན་ས་པ་འཁོན་དཀོན་མཆོག་རྒྱལ་པོ།   བླ་མ་བཱ་རི་ལོ་ཙྭ་བ།  ས་ཆེན་ཀུན་དགའ་སྙིང་པོ།   རྗེ་བཙུན་གྲགས་པ་རྒྱལ་མཚན།   ས་སྐྱ་པན་ཆེན་རྣམས་ཀྱི་ཐུགས་རྗེ་དང་།  མཛད་པ་ལ་བརྟེན་ནས་ས་སྐྱ་པ་ཞེས་པའི་མཚན་སྙན་ཤིན་ཏུ་ཆེ་ན་ཡང་།  བཙན་པོའི་རྒྱལ་རབས་ཀྱིས་སྟོབས་རྩལ་གྱིས་བཟུང་མྱོང་བའི་བོད་ཁམས་སྤྱི་ལ་ད་དུང་བདག་པོ་མཛད་མེད།  འཇམ་མགོན་ས་སྐྱ་པཎ་ཆེན་གྱི་བདག་རྐྱེན་དང་།  འགྲོ་མགོན་ཆོས་རྒྱལ་འཕགས་པའི་མཛད་པ་ལས་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་དུ་ས་སྐྱ་པས་བོད་ཁམས་སྤྱི་ལ་དབང་བསྒྱུར་ཏེ་བོད་ཆེ་དགུ་ཀུན་གྱིས་གཙུག་ཏུ་བཀུར།  དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་ཏཱ་དབེན་བློ་གྲོས་རྒྱལ་མཚན་གྱི་བར་ཁྲི་ཐོག་དགུ་དང་།  ས་སྐྱའི་དཔོན་ཆེན་ཤཱཀྱ་བཟང་པོ་ནས་དཔོན་ཆེན་དབང་བརྩོན་གྱི་བར་དཔོན་ཆེན་ཉི་ཤུ་བཅས་ཀྱིས་ལོ་ངོ་བརྒྱ་ལ་ཉེ་བར་བོད་ཁམས་སྤྱི་ལ་ས་སྐྱ་པས་དབང་བསྒྱུར་ཏེ།  མདོ་སྔགས་གཉིས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་མ་ཟད།  སྒྲ་ཚད་བཟོ་གསོ།   སྙན་ངག་མངོན་བརྗོད།   སྡེབ་སྦྱོར་ཟློར་གར།  སྐར་རྩིས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་ཡས་པ་དར་ཞིང་རྒྱས་པར་མཛད་དེ།  བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་ནས་བོད་སིལ་བུར་གྱུར་པའི་དུས་སྐབས་དེར་ཉམས་རྒུད་ཆེས་ཆེར་སོང་ཡོད་པའི་རིག་གཞུང་དང་རིག་གནས་མཐའ་དག་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་ཉི་གཞོན་གྱི་དཀྱིལ་འཁོར་གངས་རིའི་ཁྲོད་དུ་དྲངས་པས་བོད་འབངས་ཡོངས་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སུ་སྤྱོད་པའི་བགོ་སྐལ་རྙེད་པ་ལྟ་བུར་གྱུར།  དེ་དག་གི་བདག་རྐྱེན་གཙོ་བོ་ནི་ས་སྐྱའི་གདུང་རབས་རིམ་བྱོན་དང་།  ས་སྐྱའི་དཔོན་རིགས་རིམ་བྱུང་རྣམས་ཡིན་ལ་དུས་ད་ལྟའི་བར་དུ་དཔལ་ལྡན་ས་སྐྱའི་བསྟན་པའི་འཕོ་འགྱུར་དང་།   འཕེལ་རྒྱས་ཀྱི་ལོ་རྒྱུས་དེ་འགག་འཕྲང་སྣ་ཚོགས་བརྒྱུད་དེ་དུས་རབས་ཉེར་གཅིག་པའི་དུས་མགོར་ཐོན་འདུག   དུས་རབས་འདིའི་དུས་མགོ་ནས་དཔལ་ལྡན་ས་སྐྱའི་ལོ་རྒྱུས་ལ་ཕྱིར་མིག་ཡང་ཡང་འཕེན་དུས་སྤྱི་ལོ་དུས་རབས་བཅུ་གསུམ་པའི་ནང་གི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བླ་ན་མེད་པའི་གསུང་གླེང་ཞིག་བདག་གི་སེམས་ལ་ཡང་ཡང་དྲན་ཡོང་ཞིང་།  དེ་དང་མཉམ་དུ་སྐྱའི་གདུང་རབས་རིམ་བྱོན་རྣམས་ཀྱི་མཛད་བཟང་དང་།  ལྷག་པར་སྐྱབས་མགོན་གོང་མ་རིན་པོའི་ཆེའི་བླ་ན་མེད་པའི་ཐུགས་བཞེད་དང་བཀའ་སློབ་སྣ་ཚོགས་ཀྱང་ཡང་ཡང་དྲན་ལམ་དུ་ཤར་འོང་། 
 དེ་ཡང་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྨད་ཙམ་དུ་ཧོར་རྒྱལ་པོ་མན་ཀོ་ཧན་འདས་ནས་སེ་ཆེན་གྱིས་ཧོར་ཆེན་པོའི་རྒྱལ་པོར་མཛད།  འགྲོ་མགོན་འཕགས་པ་ལ་མཚན་གྱི་ཆོ་ལོ་སྣ་ཚོགས་ཕུལ་ཏེ་དབུ་བླར་བཀུར་བཞིན་པའི་སྐབས་དེར།  ཐེངས་ཤིག་ལ་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་ལ།  བོད་ས་གནས་སུ་ས་སྐྱ་པའི་ཆོས་མ་གཏོགས་བྱེད་དུ་མི་འཇུག་པའི་བཀའ་གཏོང་རྒྱུ་ཡིན་ཞེས་དྲིས་པ་ན།  གཟིགས་རྒྱང་ཤིན་ཏུ་རིང་བའི་འགྲོ་མགོན་འཕགས་པས་སྟོབས་དང་དཔུང་གིས་དྲེགས་པའི་གོང་མ་སེ་ཆེན་རྒྱལ་པོ་ལ་འདི་ལྟར་ཞུས།  དེ་ལྟར་བྱས་ན་ཁྱེད་རྒྱལ་པོའི་ཆབ་སྲིད་དང་ངེད་ས་སྐྱའི་ཆོས་གཉིས་ཀ་ལ་ཕན་པ་མེད།  དེ་བས་ཆོས་ལུགས་རྣམས་རང་རང་གི་འདོད་མོས་ལྟར་སྐྱོང་དུ་བཅུག་ན་ལེགས་ཞེས་ཞུས་པས་རྒྱལ་པོས་ཀྱང་དེ་ལྟར་བཀའ་ཕབ་པ་རེད། དེའི་རྐྱེན་གྱིས་དུས་ད་ལྟའི་བར་དུ་དཔལ་ས་སྐྱའི་གདུང་རབས་རིམ་བྱོན་གྱིས་བསྟན་པའི་ཚུལ་ལུགས་དེ་བཞིན་བསྐྱངས་ནས་ཕེབས་འདུག་ལ།   དེའི་སྟེང་དུ་རང་ལུགས་རྣམ་པར་དག་པ་ལུང་རིགས་ཀྱིས་སྒྲུབ་པ་དང་།  གཞན་ལུགས་ནོར་འཁྲུལ་ཅན་རྣམས་ཚར་གཅོད་པའི་གཞུང་ལུགས་ཅན་གྱི་དགག་སྒྲུབ་ཀྱི་རིགས་ལམ་ཚུལ་བཞིན་འཛིན་པ་ལ་ནི་འགལ་བ་ཅི་ཡང་མེད་པ་རེད།  དེས་ན་གུ་ཡངས་དང་སྒམ་དཀྱེལ།  དྲང་བདེན་དང་ཐུགས་རྗེ་ཆེན་པོས་བོད་ཀྱི་རྒྱལ་ཁམས་སྐྱོང་བའི་བླ་ན་མེད་པའི་དབུ་ཁྲིད་དེས་འདི་ལྟར་གསུངས་མྱོང་བ་ནི་གཟི་བྱིན་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་མཛེས་པ་ཞིག་རེད། ཆོས་བརྒྱུད་འདྲ་མིན།  ལྟ་བ་སྣ་ཚོགས།  གྲུབ་མཐའ་མང་པོ་ཁོར་ཡུག་གཅིག་ཏུ་ཤོང་ཆོག་པའི་ལོ་རྒྱུས་ཀྱི་མཛེས་པ་དེ་འདྲ་ཤིན་ཏུ་དཀོན་ཨང་།  དཀོན་པ་དེ་ཡང་རིན་ཐང་ཅི་བས་ཆེ་ཨང་།  བོད་པའི་སྤྱི་ཚོགས་ཀྱིས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དུ་ཆོས་བརྒྱུད་འཐེར་འཁྱེར་དང་།  ཕྱོགས་ཞེན་གྱིས་ཟིན་པའི་དུག་ཆུ་བཏུང་དྲགས་པས་ལོ་རྒྱུས་ཀྱི་སྐྱོ་གར་ཡ་ང་བ་ཤིན་ཏུ་མང་པོ་འཁྲབ་མྱོང་བ་མ་ཡིན་ནམ།  ཡ་ང་བའི་སྐྱོ་གར་གྱི་ཁྲོད་ན་ལོ་རྒྱུས་ཀྱི་མཛེས་པ་དེ་འདྲ་རེ་ཟུང་ཡོད་པ་ནི་རང་རེའི་ལམ་སྟོན་གྱི་སྒྲོན་མེ་རུ་བཟུང་འོས་སོ།  །དེ་དང་མཉམ་དུ་བདག་གི་སེམས་ལ་སྐྱབས་མགོན་གོང་མ་བདག་ཁྲི་རྡོ་རྗེ་འཆང་གི་བཀའ་སློབ་མང་པོ་སེམས་ལ་དྲན་ཡོང་ཞིང་། བོད་ཀྱི་ཆོས་བརྒྱུད་ཁག་དག་སྣང་འོ་ཆུ་ཆུ་གཅིག་འདྲིས་སུ་ཡོང་དགོས་ཞེས་པའི་བཀའ་སློབ་ནན་མོ་དེའང་ཡང་ནས་ཡང་དུ་དྲན་ཡོང་།  འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་གོང་མ་ཁྲི་འཛིན་གྱི་བར་དུ་བྱོན་པའི་ས་སྐྱའི་གདུང་རབས་རིམ་བྱོན་གྱིས་བསྟན་པ་ཚུལ་བཞིན་སྐྱོང་བའི་རྨད་བྱུང་གི་ཐུགས་རྗེ་ལས་ཆོས་བརྒྱུད་ཕན་ཚུན་བར་དུ་དག་སྣང་འོ་ཆུ་གཅིག་འདྲིས་སུ་འགྱུར་ཐུབ་དགོས་པའི་གཞུང་ཤིང་གི་འོག་ནས་ས་སྐྱའི་བསྟན་པ་ཡང་ཚང་ལ་མ་ནོར་བའི་བསྟན་པ་རྨ་མེད་པ་ཅིག་ཏུ་སྐུ་འཁྲུངས་ཤིང་སྐུ་ཚེ་བསྲིངས་ཐུབ་པ་བྱུང་བ་རེད།  འཐེན་ཁྱེར་དང་ཕྱོགས་ཞེན་གྱིས་ས་སྐྱའི་བསྟན་པ་འཛིན་བཞིན་ཡོད་པའི་ཟོལ་གྱིལ་ཆོས་བརྒྱུད་དང་གྲུབ་མཐའ་གཞན་ལ་སྡང་མིག་བགྲད་ཅིང་། རང་གི་ལྟ་གྲུབ་དང་ཆོས་ཀྱི་སྙིང་པོ་ལ་གོ་བ་ཅི་ཡང་ལོན་མེད་ན་ས་སྐྱའི་གདུང་རབས་རིམ་བྱོན་གྱིས་བསྟན་པ་སྐྱོང་བའི་ལུགས་དང་འགལ་བར་འདུག་ཅེས་པའི་དོན་ཡིན་ལགས།  ལོ་རྒྱུས་ཀྱི་མཛེས་སྡུག་དེ་འདྲ་ཞིག་གི་འོག་ནས་དུས་རབས་འདིའི་ནང་དུ་སླེབས་དུས་སྐྱབས་མགོན་གོང་མ་བདག་ཁྲི་རྡོ་རྗེ་འཆང་ནི་ས་སྐྱ་པའི་ཆོས་བརྒྱུད་ཅིག་གི་དབུ་ཁྲིད་ཙམ་དུ་མ་ཟད་བོད་འབངས་ཡོངས་ཀྱིས་གཙུག་ཏུ་བཀུར་བའི་གནས་སུ་ཕེབས་ཡོད་པ་ཡང་ཁོང་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་རླབས་ཆེན་གྱི་ཐུགས་བཞེད་དེ་དག་གིས་ཐུགས་རྒྱུད་གཏམས་པས་རིས་སུ་མེད་པའི་བོད་ཀྱི་སྤྱི་བོའི་གཙུག་ཏུ་ཕེབས་པ་རེད།  གཞན་ཡང་སྐྱབས་མགོན་གོང་མ་ཚང་གི་སྐུ་ཚེ་ནི་རི་བོ་ཧི་མ་ལའི་རྒྱབ་ཏུ་བཞུགས་པ་དང་། བོད་འབངས་ཀྱི་སྐྱིད་སྡུག་གི་ལས་སྐལ་རི་བོ་དེའི་ཚུར་རོལ་ཏུ་མྱོང་དགོས་པའི་རང་རེའི་ལས་དབང་ལ་བསམ་ན་སྐྱོ་བའི་མིག་ཆུ་རེ་རེས་མིག་ཀང་གང་ཡོང་བའི་གནས་སུ་གྱུར་ཡོད་མོད།  བོད་མི་དམངས་ཀྱི་དད་པའི་གུར་ཁང་ན་བླ་ན་མེད་པའི་མགོན་སྐྱབས་དེ་ཐུགས་རྗེ་ནུབ་པ་མེད་པའི་ཚུལ་དུ་བཞུགས་ཡོད་པ་ཡང་དགའ་བ་བརྒྱ་སྟོང་གི་ཡང་རྩེ་མ་ཡིན་ནམ།  ཡིག་འབྲུ་འགའ་ཞིག་གིས་ཁོང་གི་ཐུགས་བཞེད་མཐའ་དག་མཚོན་ཐུབ་ཐབས་གཏན་ནས་མེད་ཀྱང་འདི་ནི་རྒྱ་མཚོ་ལས་བླངས་པའི་ཆུ་ཐིགས་ཙམ་ཞིག་ཡིན་ཆོག་པར་ཞུ།   དེས་ན་ང་ཚོས་དགའ་བ་དང་སྤྲོ་བ།  དད་གུས་དང་།  རེ་འདུན་གྱི་ཁ་བཏགས་རིང་མོ་རེ་སྔོན་དུ་བསྲིངས་ནས།  ཇི་སྲིད་ས་སྒང་ཧྲིལ་པོའི་ཐོག་གི་ཉི་ཟླའི་བགྲོད་པ་མ་ནུབ་ཀྱི་བར་དེ་སྲིད་དུ་སྐྱབས་མགོན་གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་རང་རེའི་མགོན་སྐྱབས་སུ་སྐུ་ཚེ་བསྐལ་པ་རྒྱ་མཚོར་ཞབས་པད་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་ནས་རླབས་ཆེན་ཐུགས་བཞེད་གང་ཡོད་གེགས་མེད་ལྷུན་འགྲུབ་ཏུ་ཡོང་ཐུབ་པའི་རེ་སྨོན་ཤུགས་དྲགས་པོས་ཁོང་གི་འཁྲུངས་སྐར་བསུ་བའི་མཛད་སྒོ་ཡང་ལོ་རེ་བཞིན་རྒྱ་ཇེ་ཆེ་དང་།  སྤུས་ཇེ་བཟང་གི་ཕྱོགས་སུ་བསྐྱོད་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ།།    །། ཞེས་པ་འདི་ནི་དཔལ་ས་སྐྱའི་རིང་ལུགས་ལ་རྩེ་གཅིག་ཏུ་དད་པ་ཁམས་ཐོས་སྲས་སུ་འབོད་པས་ཕ་ཡུལ་མཁར་གསུམ་མདོའི་རི་བོ་ལེགས་ཁ་རྒྱལ་མོའི་ཉེ་འདབས་སུ་༢༠༡༨    ༩   ༦  ཉིན་བྲིས།  

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*