༧ སྐྱབས་མགོན༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་རྒྱུན་ཆགས་ཀྱི་མཛད་སྤྱོད།

༧སྐྱབས་མགོན་གོང་མ་༧ས་སྐྱའི་ཁྲི་ཆེན་མཆོག་གིས་རྒྱུན་ལྡན་བཞིན་དུ་ཕྱག་ལས་མཛད་ཚུལ་ཟུར་ཙམ་བཤད་པ།

  རྩོམ་པ་པོ། དྲུང་རམས་པ་ཀརྨ་འཕྲིན་སྟོབས།

བླ་མའི་འཁྲུངས་སྐར་ཚད་ལྡན་བསུ་བ་ནི་བླ་མ་བསུ་བ་དང་གཉིས་སུ་མེད་པས་སངས་རྒྱས་ཀྱི་མཚན་བཟང་འཐོབ་པའི་རྒྱུ་ཡི་གཙོ་བོར་གྱུར་ཡོད་པ་རེད།    དེ་ཡང་བླ་མའི་འཁྲུངས་སྐར་ཚད་ལྡན་ཞིག་ཡོང་བར་ཆ་རྐྱེན་གལ་ཆེ་བ་ནི་འཁོར་སློབ་རྣམས་ལ་དད་པ་བརྟན་པོར་ཡོད་དགོས་རྒྱུ་དེ་རེད།   དེ་ལ་དད་རྟེན་དུ་གྱུར་པའི་བླ་མ་དེ་ཡང་སངས་རྒྱས་ཀྱི་གསུང་དང་མཐུན་པ་ཞིག་དགོས་པ་ནི་དེ་ལས་གལ་ཆེ་བ་ཞིག་ཡིན་པར་སྣང་།   འོ་ན་ས་སྐྱའི་གོང་མ་ཁྲི་ཆེན་མཆོག་གིས་མཐང་ཤམ་དཀར་པོ་མནབས་པ་དེ་བླ་མའི་ཆས་དང་མཐུན་པ་ཡིན་ནམ།  དེ་ལྟར་དགོས་པའི་མདོ་རྒྱུད་ཀྱི་ཤེས་བྱེད་ཡོད་དམ་སྙམ་ན།

འདི་ལྟར་སྟེ།   ཐེག་ཆེན་གྱི་བླ་མ་ལ་རབ་ཏུ་བྱུང་བ་དང་ཁྱིམ་པའི་རྟེན་ཅན་གཉིས་ལས་མཐང་ཤམ་མམ་ཤམ་ཐབས་དཀར་པོ་ཁྱིམ་པའི་རྟེན་ཅན་གྱི་སྔགས་འཆང་ལ་གནང་བ་ཞིག་སྟེ།   དཔུང་བཟང་གི་རྒྱུད་ལས།  གོས་དཀར་དག་གམ་ཤིང་ལོའམ་གསོ་མའམ་ཟར་མའམ་ཤིང་ཤུན་རྣམས་ཀྱི་གོས་བགོའོ།།   ཞེས་གོས་དཀར་མནམས་དགོས་པར་གསུང་པ་བཞིན་མ་བཅོས་གསུམ་ལྡན་གྱི་སྔགས་པ་དག་ནི།   གོས་མ་བཅོས་དཀར་པོ་དང་སྐྲ་མ་བཅོས་ལྕང་ལོ་སེམས་མ་བཅོས་གཉུག་མ་གསུམ་དང་ལྡན་པ་ཞིག་དགོས་པས།  ཁྲུས་དང་གཙང་སྦྲ་ལྡན་པའི་གོས་དཀར་བགོ་ནས་རང་སེམས་མ་གཡེང་བར་དཀྱིལ་འཁོར་གྱི་དྲུང་དུ་བྱོན་ཞིང་།  བསྒྲུབ་བྱའི་ལས་ཀུན་བྱེེད་པའི་བླ་མ་ནི་། གསང་བ་སྤྱི་རྒྱུད་ལས།  ད་ནས་ནུབ་ཀར་ཁྲུས་བྱས་ཤིང་།།གཙང་ལ་གོས་ནི་དཀར་པོ་བགོས།།  ཞེས་དང་།   གོས་དཀར་བགོས་ཤིང་མ་གཡེང་བར།།དཀྱིལ་འཁོར་གྱི་ནི་དྲུང་དུ་འགྲོ།།  ཞེས་སོགས་ཀྱིས་བསྟན་པའི་བླ་མ་ཡིན་ལ།   དེ་བཞིན་རྒྱུད་ལེགས་གྲུབ་ལས་ཀྱང་།   གོས་དཀར་ཟུང་གཅིག་བགོས་ནས་སུ།།  ཞེས་དང་།   ཕྱག་རྡོར་རྡོ་རྗེ་མེ་ལྕེའི་རྒྱུད་ལས།   གོས་དག་དཀར་པོས་ཡོངས་སུ་བརྒྱན།།  ཞེས་སོགས་གསུང་པས་སྔགས་པ་ཁྱིམ་པའི་རྟེན་ཅན་གྱིས་གོས་དཀར་པོ་མནམས་པ་ནི་རྒྱུད་སྡེ་དང་ཤིན་ཏུ་མཐུན་པ་ཡིན་ནོ།།

དེས་ན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཉིད་ཀྱིས་གཟིམས་པ་དང་སྐུ་ཁྲུས་ཀྱི་སྐབས་ཙམ་མ་གཏོགས།  དེ་མིན་མཐང་གོས་མི་མནམས་པའི་དུས་ཤིག་མཇལ་རྒྱུ་མེད་པ་འདི་ཡང་རྒྱུད་སྡེ་ཁོ་ན་དང་མཐུན་པར་མཛད་ཀྱིན་ཡོད་པ་ནི།  རྒྱུད་ལེགས་པར་གྲུབ་པ་ལས།  ཉལ་དང་ཁྲུས་བྱེད་མ་གཏོགས་པར།།  སྔགས་པས་མཐང་གོས་མི་སྤང་ཞིང་།།  དཀར་ལ་ཤིན་ཏུ་འཇམ་པོ་དེ།།  ཉིན་རེ་བཞིན་དུ་བཀྲུ་བར་བྱ།།  ཞེས་དང་གོང་དུ་དྲངས་པའི་རྒྱུད་གཞུང་དུས་མས་གྲུབ་བོ།།

འདི་ནི་བླ་མ་ཁྲི་ཆེན་རིན་པོ་ཆེ་ཁོང་གི་གསང་བ་གསུམ་གྱི་མཛད་སྤྱོད་མ་ལུས་པ་རྒྱུད་དང་མཐུན་པ་ཉག་གཅིག་ཡིན་མོད།   དགོས་པ་དང་རྒྱུ་རྐྱེན་ཅུང་ཟད་ཀྱི་དབང་གིས་མཐང་གོས་དཀར་པོ་མནམས་པ་དེ་སངས་རྒྱས་ཀྱི་གསུང་དང་མཐུན་པར་རྒྱུད་སྡེ་དང་སྦྱར་ནས་ཞུས་པ་ཙམ་ཡིན།

འདིའང་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་མཚན་དཔེའི་དཀྱིལ་འཁོར་མི་ཡུལ་དུ་བཞེད་པའི་དུས་བཟང་ཚེས་ཉེ་བ་དང་བསྟུན་ཏེ་སློབ་འབངས་དག་གི་དད་པ་བླ་ལྷག་ཏུ་འཕེལ་ཕྱིར་དང་།   གཞན་གྱིས་དོགས་མཐའ་བསལ་བའི་ཆེད་དུ་གངས་སྐྱེས་བསིལ་རླུང་ངམ་དྲུང་རམས་པ་ཀརྨ་འཕྲིན་སྟོབས་ཀྱིས་དགོང་མོའི་ངལ་གསོའི་སྐབས། ཡོངས་ཀྱི་དགེ་བའི་བཤེས་གཉེན་སྐུ་ཚེ་ཨ་པད་རིན་པོ་ཆེའི་གདན་ས་བོད་ལྷོ་ཕྱོགས་གསེར་ལྗོངས་བཤད་གྲྭ་འཇམ་མགོན་གྲུབ་པའི་དགའ་ཚལ་ནས་ཕུལ་བའོ།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*