༄༅། །མཚན་མཆོག་གསུམ་ལྡན་དཔལ་ས་སྐྱའི་ཁྲི་ཆེན་༸གོང་མ་རིན་པོ་ཆེའི་ཞབས་བརྟན་འགྱུར་མེད་རྟག་པ་དམ་པའི་རང་སྒྲ་ཞེས་བྱ་བ།
འཆི་༵མེད་༵ཚེ་༵དབང་ཚེ་དཔག་མེད་མགོན་དང་།།
འཆི་༵མེད་༵ཚེ་༵སྦྱིན་ཡིད་བཞིན་འཁོར་ལོ་མ།།
འཆི་༵མེད་༵ཚེ་༵ལྷ་རྣམ་པ་རྒྱལ་མ་ཡིས།།
འཆི་༵མེད་༵ཚེ་༵ཡི་དངོས་གྲུབ་བསྩལ་དུ་གསོལ།།
ངག་༵ལ་དབང་༵འབྱོར་ཟུར་ཕུད་ལྔ་པའི་ཟླ།།
བསྐལ་བཟང་ཀུན་༵དགའ་༵ཐེག་༵ཆེན་༵དཔལ་༵དུ་འབར༵།།
ཕྲིན་༵ལས་༵བསམ་༵འཕེལ་༵དབང་༵གི་རྒྱལ༵་པོ་ཉིད།།
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག།
མཁྱེན་༵པའི་དཔལ་མངའ་ཡེ་ཤེས་མེ་ལོང་མཚན།།
བརྩེ་༵བའི་ཐུགས་རྗེ་འཕགས་མཆོག་མིག་མི་འཛུམ།།
ནུས་༵པའི་སྟོབས་མངའ་ལག་ན་རྡོ་རྗེ་སྟེ།།
རིགས་གསུམ་སེམས་དཔའི་ངོ་བོར་འཚོ་གཞེས་གསོལ།།
ཐོས་༵པའི་བང་མཛོད་ཡོན་ཏན་ནོར་གྱིས་འགེངས།།
བསམ་༵པའི་རལ་གྲིས་ཡིད་གཉིས་འཁྲི་ཤིང་བཅད།།
སྒོམ་༵པའི་ཏིང་འཛིན་བསྐྱེད་རྫོགས་དཀྱིལ་འཁོར་རྒྱས།།
ཡོངས་འཛིན་རི་དབང་ལྷུན་པོ་འཚོ་གཞེས་གསོལ།།
འཆད་༵ན་ལེགས་བཤད་འབུམ་གྱི་དབྱར་རྔ་བརྡུང་།།
རྩོད་༵ན་ཕས་རྒོལ་སྟོང་གི་ཁེངས་པ་བསྙིལ།།
རྩོམ་༵ན་མཁས་དགུ་བྱེ་བའི་ཡིད་རབ་འཕྲོག།
མཁས་དབང་ཡིད་བཞིན་ནོར་བུ་ཞབས་བརྟན་གསོལ།།
མཁས་༵པའི་གྲགས་པ་འཛམ་གླིང་ཡོངས་ལ་ཁྱབ།།
བཙུན་༵པའི་ཚུགས་ཀྱིས་སྡོམ་གསུམ་མིག་ལྟར་གཅེས།།
བཟང་༵པོའི་སྤྱོད་པས་འགྲོ་ཀུན་བུ་ལྟར་བྱམས།།
རྒྱལ་སྲས་སེམས་དཔའི་ངོ་བོར་འཚོ་གཞེས་གསོལ།།
ཐོས་བསམ་སྒོམ་པའི་རྩ་བ་རབ་ཏུ་བརྟན།།
མཁས་བཙུན་བཟང་པོའི་ཡོན་ཏན་དྲི་བསུང་འཐུལ།།
མཁྱེན་བརྩེ་ནུས་པའི་འབྲས་བཟང་གཡུར་དུ་ཟ།།
དམ་པའི་ཚུལ་དགུའི་དཔལ་མངའ་ཞབས་བརྟན་གསོལ།།
རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་ཞེས།།
གྲགས་པ་དོན་ལྡན་རྗེ་བཙུན་གོང་མ་ལྔའི།།
སྙན་བརྒྱུད་གདམས་པའི་དབང་ཁྲིད་མན་ངག་ཚོགས།།
ཇི་བཞིན་སྟོན་མཛད་ཆེན་པོ་ཞབས་བརྟན་གསོལ།།
སྙིགས་མའི་རྒུད་ཚོགས་རང་སར་བསྙིལ་བ་དང་།།
ལོང་བའི་འགྲོ་ལ་ཐར་པའི་ལམ་བཟང་སྟོན།།
ཀུན་གྱི་མགོན་དུ་འཁོར་བ་མ་སྟོང་བར།།
དེ་སྲིད་ཞབས་བརྟན་མཛད་འཕྲིན་རྒྱས་གྱུར་ཅིག།
བདག་སོགས་བརྩེ་ཆེན་བསྟན་པའི་མགོན་གཅིག་པུ།།
དཔལ་ལྡན་ས་སྐྱའི་བཛྲ་ཨ་ཡུར་ཞབས།།
གསང་གསུམ་མི་ཤིགས་རྡོ་རྗེའི་ཁྲི་འཕང་སྟེང་།།
བསྐལ་པ་རྒྱ་མཚོ་གཡོ་མེད་འཚོ་གཞེས་གསོལ།།
མཆོག་གསུམ་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་།།
བསྟན་སྲུང་དམ་ཅན་རྒྱ་མཚོའི་ནུས་སྟོབས་དང་།།
ཆོས་ཉིད་འགྱུར་བ་མེད་པའི་བདེན་བྱིན་གྱིས།།
ཇི་ལྟར་གསོལ་བཞིན་དེ་ལྟར་འགྲུབ་གྱུར་ཅིག།
ཅེས་དཔལ་ས་སྐྱ་པའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་ལ་ཞབས་བརྟན་དུ་འཇམ་མགོན་ཆོས་ཀྱི་བློ་གྲོས་ཀྱི་དགོངས་རྫོགས་དུས་ཆེན་ཉིན་སྡེ་དགེ་ལྔ་རིག་བཤད་གྲྭ་རུ་རབ་བརྟན་བསོད་ནམས་དོན་འགྲུབ་ཀྱིས་གསོལ་བ་བཏབ་པ་དེ་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།