མཆོད་ཚིག་དད་པའི་ང་རོ།

༄༅། །དཔལ་ལྡན་ས་སྐྱ་༧གོང་མ་ངག་དབང་ཐེག་ཆེན་དཔལ་འབར་བསམ་འཕེལ་ཕྲིན་ལས་དབང་གི་རྒྱལ་པོར་མཆོད་ཚིག་དད་པའི་ང་རོ་ཞེས་བྱ་བ།    

རྒྱལ་བ་བཅོམ་ལྡན་འདས་ཀྱིས། །

བསྔགས་ཡུལ་མཚན་མཆོག་གསུམ་གྱི། །

དཔལ་ལྡན་ས་སྐྱའི་གདུང་རྒྱུད། །

གུས་པས་ཕྱག་གསུམ་འཚལ་ལོ། །

          

ས་དཀར་རྒྱལ་བའི་བསྟན་ལ། །

ས་བོན་སེམས་པ་དཀར་བའི། །

ས་ཆེན་གོང་མ་རྣམ་ལྔའི། །

ས་རྒྱུད་གོང་མ་མཁྱེན་ནོ། །

 

གདོང་ལ་དོད་པ་འཛུམ་རེད། །

ངག་ནས་འཐོར་བ་ཆོས་རེད། །

ཡིད་ཀྱི་སེམས་པ་བྱམས་རེད། །

ས་དཀར་བསྟན་པའི་གཙུག་རེད། །

 

འཆད་པས་གདུལ་སེམས་འདུལ་སོང་། །

རྩོད་པས་ང་རྒྱལ་ཡིབས་སོང་། །

རྩོམ་པས་གཞན་ཡིད་བཅོམ་སོང་། །

དཔལ་ལྡན་བླ་མ་མཁྱེན་ནོ། །

   

ཐོས་པས་རྨོངས་མུན་སྤྱུགས་ཤིང་། །

བསམ་པས་སོམ་ཉི་གཅོད་ཅིང་། །

སྒོམ་པས་སེམས་རྒྱུད་གྲོལ་བའི། །

བརྩེ་ལྡན་གོང་མ་མཁྱེན་ནོ། །          

     

མཁྱེན་པ་ཤེས་བྱའི་གནད་ཀུན། །

བརྩེ་བས་སེམས་ལྡན་ཀུན་གཟིགས། །

ནུས་པས་ཐར་བའི་ལམ་དྲོངས། །

རྒྱལ་བ་གོང་མ་མཁྱེན་ནོ། །

 

ལྟ་བ་མཁའ་ལྟར་ཡངས་པ། །

སྒོམ་པ་ཟེའུ་འབྲུ་རྒྱས་པ། །

སྤྱོད་པ་ཚུལ་ལུགས་མཐུན་པའི། །

བླ་མའི་བླ་མ་མཁྱེན་ནོ། །

 

ལྷ་གཅིག་ཕྱག་ན་པདྨོ། །

ལུགས་གཉིས་སྲོག་ལྟར་གཅེས་པ། །

སྲིད་གསུམ་བསྟན་འགྲོའི་མགོོན་པོ། །

ཨ་ཡུར་བཛྲ་མཁྱེན་ནོ། །

 

ཕྱི་ལ་གངས་སེང་འགྱིང་འདྲ། །

ནང་ལ་དྲི་མས་སྟོང་པ། །

གསང་བ་སྔགས་ཀྱི་རྒྱལ་པོ། །

ཞབས་པད་ཡུན་རིང་བརྟན་ཤོག །    

 

གཞན་ཕན་བྱང་སེམས་འཁྲུངས་པའི། །

རྒྱལ་སྲས་ཨ་ཡུར་བཛྲ། །

སྐུ་ཚེ་མི་འགྱུར་བཞུགས་ཤིང་། །

ཕྲིན་ལས་ཕྱོགས་མཐར་ཁྱབ་ཤོག །

 

སྐྱེ་བ་འདི་དང་གཞན་ཡང་། །

འཁོར་བ་མ་སྟོང་བར་དུ། །

དཔལ་ལྡན་ས་སྐྱ་གོང་མས། །           

ཐར་པའི་ལམ་སྣ་དྲོངས་ཤིག །

     ཅེས་ངལ་གསོ་དང་སྟབས་བསྟུན་ནས་སྟོད་ཕྱོགས་དཔལ་ལྡན་ས་སྐྱའི་གནས་མཆོག་རུ་ཆོས་མཇལ་སོང་བས་ཁ་འུ་བྲག་རྫོང་དུ་དད་མདངས་དཀར་པོས་སྣེ་དྲངས་སྟེ་མདོ་སྨད་འབྲི་རྒྱུད་རབ་བརྟན་པ་འཇམ་དབྱངས་སྦྱིན་པའམ་རབ་རྡོར་གྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་བྲིས་པའོ། །

Be the first to comment

Leave a Reply

Your email address will not be published.


*