རྩོམ་པ་པོ། —བར་ཁམས་བྲག་གཡབ་པ་པདྨ་འཕྲིན་ལས།
སྟེང་ན་མགོ་ཡོད་འོག་ན་མཇུག་ཡོད་པ། །
ནང་ན་ཆོས་ཡོད་ཕྱི་ན་སྲིད་ཡོད་པ། །
མགོ་མཇུག་མ་ལོག་ཕྱི་ནང་མ་བརྗེས་པའི། །
ས་བསྟན་ས་གཞིའི་ཁྱོན་དུ་རྒྱས་གྱུར་ཅིག །
ཁྲི་དང་དགོན་པའི་ཆེད་དུ་མ་འཁྲུགས་ཤིང་། །
གདུང་དང་རིགས་རུས་རྩོད་པས་མ་ཉམས་ལ། །
སྤྲུལ་དང་ཡང་སྤྲུལ་དོན་དུ་མ་འཐབ་པའི། །
ས་བསྟན་ཞོ་ལྟར་ཆགས་འདིས་ཡིད་རེ་འཕྲོགས། །
བཤད་ན་གནས་བཅུའི་གཞུང་གི་བང་མཛོད་ཡོད། །
སྒྲུབ་ན་ཟབ་རྒྱས་གདམ་པའི་མཚོ་ཆེན་ཡོད། །
འཚོགས་ན་རབ་འབྱམས་རྒྱུད་སྡེའི་ཕྱག་ལེན་ཡོད། །
ཀུན་འཛོམས་ས་བསྟན་སྲིད་ན་དར་གྱུར་ཅིག །
སུམ་སྙན་ཙམ་གྱི་བཤད་པས་མི་གནས་ལ། །
མཚན་ཉིད་རྩོད་པས་སྒོམ་གོ་མི་གཅོད་ཅིང་། །
འཇིག་རྟེན་སྒྲུབ་ནས་ཕྱག་ལེན་མི་འགོག་པའི། །
ས་བསྟན་གནའ་བོའི་དུས་བཞིན་དར་འདི་རྨད། །
བསྟན་པ་མངོན་ཤེས་གྲུབ་རྟགས་ཀྱིས་མ་བཟུང་། །
བསྟན་པ་མི་དཔུང་རྒྱུ་ནོར་གྱིས་མ་བཟུང་། །
བསྟན་པ་ཧམ་ཤེད་བཙན་ཤེད་ཀྱིས་མ་བཟུང་། །
བསྟན་པ་བཤད་སྒྲུབ་ཀྱིས་བཟུང་ས་སྐྱ་པ། །
མི་རབས་རེ་ལ་ཡི་དམ་ལྷ་རེ་བརྗེ། །
བླ་རབས་རེ་ལ་བཤད་སྒྲུབ་སོ་སོར་འཛིན། །
རྩ་བ་བོར་ནས་ཡལ་ག་འཚོལ་བ་ཡི། །
ཆོས་རྒྱུད་གཞན་ལས་འཕགས་དེ་ས་སྐྱ་པ། །
གུ་རུ་མཇལ་ནས་ཡང་ཕུར་བསྐྱུར་མ་མྱོང་། །
ས་ཆེན་ནས་བཟུང་དགྱེས་རྡོར་འབྲལ་མ་མྱོང་། །
ས་པཎ་ནས་བཟུང་བཤད་པ་བཞག་མ་མྱོང་། །
ད་བར་རང་ལུགས་མ་འགྱུར་ས་སྐྱ་པ། །
ལོ་རྒྱུས་བསམ་ན་ཆུ་བོ་བཞིན་དུ་རིང་། །
ཐོབ་ཐང་བསམ་ན་ཆོལ་གསུམ་གོང་མ་ཡིན། །
བཀའ་དྲིན་བསམ་ན་བོད་ཁམས་ཁྱེད་ཀྱིས་སྐྱབས། །
ཡང་ཡང་དཔྱད་ན་ཡང་ཡང་ཅིས་མི་གུས། །
ཐ་སྙད་རིག་གནས་ས་སྐྱའི་དྲིན་ལས་བྱུང་། །
མདོ་ཡི་བཤད་པ་ས་སྐྱ་པ་ལས་དར། །
རྒྱུད་ཀྱི་བཤད་པ་བརྩེ་ཆེན་རྒྱུད་པས་བཟུང་། །
ངོ་མཚར་ཆེའོ་རྗེ་བཙུན་ས་སྐྱ་པ། །
ཐོས་པ་ཉི་ཚེའི་མལ་དུ་མ་ལུས་ཤིང་། །
སྒོམ་པ་གཏི་མུག་ཁུང་བུར་མ་འཛུལ་བར། །
ཐོས་སྒོམ་མཁས་གྲུབ་ལུགས་བཞིན་སྐྱོང་མཁས་པ། །
དེ་འདྲ་མཆིས་གང་རྗེ་བཙུན་ས་སྐྱ་པ། །
རིག་པས་དཔྱད་པས་ཆད་མཐར་མ་ལྷུང་ཞིང་། །
ཡིན་ལུགས་སྒོམ་པས་རྟག་ལྟར་མ་གྱུར་པར། །
ལྟ་སྒོམ་རྒྱལ་བའི་བཀའ་བཞིན་སྒྲུབ་མཁས་པ། །
གངས་རིའི་ཁྲོད་འདིར་རྗེ་བཙུན་ས་སྐྱ་པ། །
འཁྲུལ་མེད་སྔ་འགྱུར་བཀའ་མ་ཆུ་བོ་བཞིའི། །
ཆ་ཤས་མ་ཉམས་དུས་མཐར་འཛིན་པ་ཡང་། །
འཁོན་སྟོན་རིག་པ་འཛིན་པའི་ཚོགས་རྣམས་ལས། །
དེང་འདིར་ཉིན་མོའི་སྐར་མ་བཞིན་དུ་དཀོན། །
རིགས་ཀྱིས་མཐོ་བར་རློམ་པ་བོད་ན་མང་། །
རིགས་རྒྱུད་ཆོས་སྲིད་ཀྱིས་མཐོ་ས་སྐྱ་པ། །
གདུང་རྒྱུད་བཟང་པོར་སེམས་པ་བོད་ན་མང་། །
གདུང་གི་ཁྱད་ཆོས་ལྡན་པ་ས་སྐྱ་པ། །
འོད་གསལ་ལྷ་ཡི་རིགས་ལས་བྱོན་པའི་གདུང་། །
ཐུ་བྷོད་བཙན་པོའི་བཀའ་ཡི་བློན་ཆེན་བརྒྱུད། །
ཀླུ་དབང་བོད་མིའི་རབ་བྱུང་ཐོག་མ་སྟེ། །
ལོ་པན་མཁས་པ་བྱོན་པའི་དང་པོའི་གྲལ། །
རྡོ་རྗེ་རིན་ཆེན་པད་འབྱུང་དངོས་ཀྱི་སློབ། །
ཤེས་རབ་ཚུལ་ཁྲིམས་རྟོག་པ་ནང་ནས་གྲོལ། །
དཀོན་མཆོག་རྒྱལ་པོས་བོད་ཀྱི་རྡོར་གདན་བཏབ། །
འཁོན་སྟོན་རིམ་བྱོན་རིག་པ་འཛིན་པའི་རྗེ། །
ཀུན་དགའ་སྙིང་པོས་འཇམ་དཔལ་དངོས་སུ་གཟིགས། །
ཀུན་དགའ་སྙིང་པོས་རྣམ་འགྲེལ་བཅུ་གཅིག་བརྩམས། །
ཀུན་དགའ་སྙིང་པོས་རྒྱུད་སྡེ་བདུན་བཅུ་སྤེལ། །
ཀུན་དགའ་སྙིང་པོས་འགྲོ་ཀུན་དགའ་བར་བྱས། །
འཇམ་དཔལ་སྤྲུལ་པར་འཕགས་པའི་ཡུལ་ན་གྲགས། །
མཁས་དང་གྲུབ་པ་གངས་ཅན་ལྗོངས་ན་གསལ། །
དག་ལྡན་བརྩམ་ནས་ལུས་དངོས་དག་ཞིང་ཕེབས། །
བསོད་ནམས་རྩེ་མོ་བསྟན་འཛིན་ཀུན་གྱི་རྩེ། །
རྒྱ་གར་པཎ་ཆེན་ཁེངས་པའི་སྤོབ་པ་བཅོམས། །
རྒྱ་གར་གྲུབ་པའི་གྲུབ་རྟགས་བོད་དུ་བསྟན། །
རྒྱ་གར་གཞུང་འདྲའི་མངོན་རྟོགས་ལྗོན་ཤིང་བརྩམས། །
གྲགས་པ་རྒྱལ་མཚན་རྒྱལ་མཚན་བཞིན་དུ་མཐོ། །
ས་པན་རིག་པས་རིག་པའི་གཏེར་མཛོད་ཕྱེས། །
ས་པན་བློ་ཡིས་བློ་ངན་མུ་སྟེགས་བཏུལ། །
ས་པན་ནུས་པས་ནུས་ལྡན་ཧོར་ཡིད་འཕྲོགས། །
ས་པན་ཀུན་རྒྱན་ས་གཞིའི་རྒྱན་དུ་ཆེ། །
འཕགས་པས་བོད་ཁམས་སླར་ཡང་གཅིག་གྱུར་བྱས། །
འཕགས་པས་བོད་དུ་སྒྲ་སྙན་མངོན་བརྗོད་དྲངས། །
འཕགས་པས་བོད་ཆོས་རྒྱ་ཧོར་ཡུལ་དུ་སྤེལ། །
འཕགས་པས་འཕགས་པའི་མཛད་པ་ཕྱོགས་ཀུན་བསྐྱངས། །
འཕགས་པས་བོད་མིའི་སྙིང་སྟོབས་ཧོར་ལ་ངོམས། །
འཕགས་པས་བོད་ལག་སོག་རྒྱལ་མགོ་རུ་བཞག །
འཕགས་པས་བོད་མིའི་ཁྱད་ཆོས་ཕྱི་རུ་བསྟན། །
བླ་མ་འཕགས་པ་ཆོས་སྲིད་གཉིས་ཀྱིས་འཕགས། །
བསོད་ནམས་རྒྱལ་མཚན་མཁས་དགུའི་དབུ་བླར་གྱུར། །
བློ་གྲོས་རྒྱལ་མཚན་བློ་ཆེན་རྒྱལ་བ་བཞིན། །
ས་ལོ་འཇམ་རྡོར་འཇམ་པའི་དབྱངས་བཞིན་མཁས། །
ས་སྐྱའི་གདུང་རབས་གདུང་གི་ཡང་རྩེ་ཉིད། །
སྔགས་འཆང་ཀུན་རིན་ནུས་པའི་མེ་ཆེན་འབར། །
ཨ་མེས་ཀུན་བསོད་བསྟན་བཅོས་ཐང་མར་བརྡལ། །
ཀུན་བློ་ཚོགས་སློབ་བསྟན་པའི་ཤིང་རྟ་ཆེ། །
རིགས་ཀྱིས་དྲེགས་ན་དྲེགས་འོས་འདི་འདྲ་དགོས། །
རིག་གཏེར་གཞུང་གིས་ཚད་མའི་ལམ་གསར་ཕྱེས། །
ངོར་ཆེན་རྒྱུད་སྡེའི་བསྟན་པ་སྲིད་མཐར་སྤེལ། །
གོ་རམས་དབུ་མའི་ལྟ་བའི་སྲོག་ནས་བཟུང་། །
ངོ་མཚར་ཆེའོ་སྐྱེས་བུ་ཆེན་པོ་དག །
ཚར་ཆེན་སློབ་བཤད་ཆོས་ཀྱི་ཀླུང་ཆེན་སྐྱུག །
བློ་གཏེར་རྒྱུད་སྡེ་རྒྱ་མཚོའི་བཀའ་རྣམས་བསྡུས། །
ཀུན་ཀྱང་བསྟན་པའི་གཞི་མ་སོ་ཐར་འཛིན། །
བཀའ་དྲིན་ཆེའོ་དམ་པའི་དམ་པ་དག །
བཤད་པས་སྒྲུབ་པའི་སྙིང་པོ་མ་སྤངས་ཤིང་། །
སྒྲུབ་པས་བཤད་པའི་ལམ་བཟང་མ་འདོར་བར། །
བཤད་སྒྲུབ་ཟུང་དུ་འབྲེལ་བར་གནས་མཁས་པ། །
དེ་འདྲ་གང་དེ་རྗེ་བཙུན་ས་སྐྱ་པ། །
དབང་བསྐུར་བྱས་ཀྱང་ཆོ་གའི་མཚན་ཉིད་བྲལ། །
སྒོམ་མིང་འདོགས་ཀྱང་དབང་དོན་ཉིད་ལས་གཞན། །
རྒྱུད་བཤད་འཇའ་ཡལ་ཁུངས་མེད་ཁྲིད་འཆད་སྐད། །
དེ་འདྲ་ལས་འཕགས་ས་འདིར་ས་སྐྱ་པ། །
དབང་བསྐུར་རྒྱུད་མཐུན་བསྐུར་མཁན་ས་སྐྱ་པ། །
དབང་དོན་རྒྱུད་མཐུན་སྒོམ་མཁན་ས་སྐྱ་པ། །
དབང་དོན་རྒྱུད་བཤད་ཀྱིས་འགྲེལ་ས་སྐྱ་པ། །
དེང་འདིར་རྒྱུད་སྡེའི་མངའ་བདག་ས་སྐྱ་པ། །
སོར་སྡོམ་ཨེ་ཝཾ་བསྟན་པའི་གྲྭ་ལས་ལེན། །
བྱང་སྡོམ་དབུ་སེམས་གཉིས་ལྡན་སོགས་ཀྱིས་བླང་། །
སྔགས་སྡོམ་དགྱེས་རྡོར་རྒྱུ་ལམ་དབང་གིས་བཟུང་། །
འདི་འདྲ་གནའ་ནས་དར་བ་ས་སྐྱ་པ། །
རྒྱུ་དབང་རྗེས་སུ་རྒྱུ་རྒྱུད་ལྟ་ངོ་སྤྲད། །
ལམ་དབང་བཞི་བསྐུར་བསྐྱེད་རྫོགས་ལམ་རིམ་བསྟན། །
དེ་ཉིད་ལམ་དུས་ཐུན་བཞིར་སྒོམ་པ་ཡིས། །
འབྲས་རྒྱུད་སྐུ་བཞི་སྒྲུབ་མཁན་ས་སྐྱ་པ།།
རྩ་བ་དགྱེས་རྡོར་དབང་བསྐུར་རྒྱུད་བཤད་དང་། །
ཆོ་གའི་ཕྱག་ལེན་ལ་སོགས་མཐར་ཕྱིན་རྗེས། །
རྒྱུད་སྡེ་གཞན་དང་སྒྲུབ་ཐབས་གཞན་པ་རྣམས། །
ཡལ་ག་རྒྱས་པའི་ཚུལ་དུ་རྒྱ་ཆེར་འཛིན། །
རྙིང་མ་ཕལ་ཆེས་རྒྱུད་སྡེ་སྒྱུ་འཕྲུལ་དང་། །
སྒྲུབ་སྡེ་བཀའ་བརྒྱད་མིང་ཡང་བོར་གྱུར་ཅིང་། །
དབང་ཆེན་མེད་ལ་བསྙེན་སྒྲུབ་སྒོམ་གསུམ་སོགས། །
གར་སོང་ཙམ་ཡང་མཐོང་དུ་མེད་པའི་དུས། །
དགྱེས་རྡོར་རྡུལ་ཚོན་སྟེང་ནས་དབང་ཆེན་བསྐུར། །
དེ་དོན་བསྐྱེད་རིམ་གཞི་བསྙེན་ཀུན་གྱིས་སྡོད། །
རྫོགས་རིམ་ལམ་འབྲས་ཁྲིད་རིམ་ཟླ་གྲངས་འཆད། །
ཐུན་བཞི་མི་ཚེར་མི་འདོར་ས་སྐྱ་པ། །
མདོར་ན་རྙིང་མས་བཀའ་པོད་ལྔ་སྒྲུབ་ཅིང་། །
བཀའ་བརྒྱུད་པ་ཡིས་བསྡུས་གྲྭ་སྒོམ་པའི་དུས། །
རང་སྲོལ་བཤད་སྒྲུབ་གཉིས་ཀ་མ་ཉམས་པར། །
རང་ཚུགས་ཐུབ་མཁན་ས་སྐྱ་པ་ལས་སུ། །
སོར་སྡོམ་གཙང་བའི་ཚུལ་ལ་སེམས་པ་ན། །
ངོར་ཆེན་ནས་བཟུང་མཁན་རབས་ཕྲེང་བར་ལྟོས། །
དེ་ཡང་གནའ་སྲོལ་ཙམ་མིན་ད་ལྟ་ཡང་། །
སྡོམ་བཙོན་གསེར་གྱི་རི་འདྲ་མི་འདུག་གམ། །
སྔགས་པ་ཚད་དང་ལྡན་པར་བསམ་པས་ན། །
རྡོར་རིན་ནས་བཟུང་གདུང་རབས་རྣམས་ལ་ལྟོས། །
དེ་ཡང་གནའ་མིན་སྔགས་དོན་རྒྱུད་སྡེ་དང་། །
མཐུན་པར་ཉམས་ལེན་ད་ལྟའི་བར་དུ་བཞུགས། །
རྨད་བྱུང་མཁས་པའི་ཁྱད་ཆོས་ཤེས་འདོད་ན། །
གོང་མ་རྣམ་ལྔ་གཡག་གཞོན་རོང་གསུམ་དང་། །
ཀུན་དགའ་རྣམ་གཉིས་གོ་ཤག་སྟག་གསུམ་སོགས། །
སྔོན་ནས་ད་བར་རིམ་བྱོན་མཁས་པར་ལྟོས། །
མདོ་འཛིན་ཟོལ་གྱིས་སྔགས་ཀྱི་སྐལ་ཆད་དང་། །
སྔགས་འཛིན་བསྟན་ལས་ཕྱི་རོལ་གྱུར་མིན་པར། །
མདོ་སྔགས་ཐར་ལམ་གཅིག་ཏུ་དྲིལ་མཁས་པ། །
གངས་རིའི་ཁྲོད་འདིར་རྗེ་བཙུན་ས་སྐྱ་པ། །
རྒྱུད་ཀྱི་བཤད་བཀའ་གདམ་པའི་མན་ངག་གནད། །
ཟབ་རྒྱས་སྒྲུབ་ཐབས་ཆོ་གའི་ཕྱག་བཞེས་སོགས། །
རིན་ཆེན་གླིང་དང་ལེགས་བྲིས་བང་མཛོད་བཞིན། །
མ་ལུས་ཡོངས་སུ་རྫོགས་དེ་ས་སྐྱ་པ། །
མ་རུང་གདུག་པའི་ཧོར་སོག་དབང་དུ་བསྡུས། །
སིལ་བུར་འཐོར་བའི་བོད་ཁམས་གོང་བུར་བྱས། །
བཅུ་ཕྲག་རིག་པའི་གཏན་ནོར་བསྐྲུན་པ་སོགས། །
བསམ་པ་ཤེས་ན་ས་སྐྱའི་རྗེ་བཙུན་དྲིན། །
དེ་ལྟར་ཐུབ་བསྟན་མདོ་སྔགས་ཡོངས་སུ་རྫོགས། །
བཤད་སྒྲུབ་ལས་གསུམ་ཕྱོགས་སུ་མ་ལྷུང་ཚང་། །
མགོ་མཇུག་རྩ་ལག་གོ་ལྡོག་མ་ལོག་འགྲིགས། །
མཚུངས་མེད་ས་བསྟན་སྲིད་མཐར་དར་གྱུར་ཅིག །
ཆོས་བརྒྱུད་གཞན་པ་དགྲ་རུ་མི་འཛིན་ཅིང་། །
རང་གི་ནང་དུ་འཁྲུགས་པས་མི་འདའ་བར། །
རང་གཞན་གཉིས་ཀ་ཞི་དང་མཐུན་པ་ཡིས། །
ས་བསྟན་གེགས་མེད་མུ་རུ་དར་གྱུར་ཅིག །
ཆོས་དང་ལྷ་ཁང་གསེར་སྐུ་མི་བརྗེ་ཞིང་། །
འཇིག་རྟེན་ལས་ཀས་ཕ་ནོར་མི་བརླགས་པར། །
མདོ་སྔགས་བསྟན་པའི་བཤད་སྒྲུབ་གཙོར་བཟུང་བས། །
ས་བསྟན་འགྱུར་ལྡོག་མེད་པར་དར་གྱུར་ཅིག །
བཀའ་པོད་ལྔ་རྙེད་ཕ་ཆོས་གཏན་དུ་བརྗེད། །
རྩོད་པ་རྙེད་པས་བརྒྱུད་པའི་ཕྱག་ལེན་སྨོད། །
རང་གི་ཚུགས་ཤོར་གཞན་གྱི་ཡིད་སེམས་དཀྲུགས། །
དེ་འདྲར་མ་གྱུར་ས་བསྟན་གནས་གྱུར་ཅིག །
བསྟན་སྲུང་ཀུན་གྱི་གཙོ་བོ་གུར་ཞལ་ལྕམ། །
པུ་ཏྲ་མིང་སྲིང་ལ་སོགས་ཐོག་མེད་ཀྱི། །
འཕྲིན་ལས་རྩལ་ལྡན་རྣམས་ཀྱིས་བསྟན་པ་འདི། །
འདི་ལྟར་ཆོས་དང་མཐུན་པར་རྒྱས་པར་མཛོད། །
བདག་ཀྱང་ཚེ་རབས་ཕྲེང་བར་ལུགས་མཆོག་འདི། །
མ་ནོར་ཚུལ་བཞིན་སྟོན་པའི་བླ་མ་དང་། །
འཕྲད་ནས་བཤད་དང་སྒྲུབ་པའི་རྒྱ་མཚོ་ཆེར། །
གཏན་དུ་བསྟི་བའི་དགའ་སྟོན་མྱོང་གྱུར་ཅིག །
ཨ་ཅང་ཀུ་རེ་ཡིན་ནོ་སྤྲང་པོའི་ཁ། །
ལག་པས་བཀབ་ནས་བསྡད་ན་དགྲ་གྱོད་མེད། །
བཟང་ངན་བདེན་རྫུན་དཔྱོད་པའི་སྤོབ་པ་ངན། །
ཡིད་ཀྱི་ཟུར་ན་འཆར་བར་མ་གྱུར་ཅིག །
ཅེས་པའང་དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་ཤིང་། མི་རབས་དུ་མར་རྗེ་བཙུན་ས་སྐྱ་པ་དང་ཆོས་དང་དམ་ཚིག་གི་འབྲེལ་བ་ཟབ་པ། བར་ཁམས་བྲག་གཡབ་པ་པདྨ་འཕྲིན་ལས་ནས་སོ།།
Leave a Reply