༧ གོང་མའི་འཁྲུངས་སྐར་བསུ་པའི་དད་གསུམ་མི་འཇིགས་སེངྒེའི་ང་རོ།

ཡུལ་གངས་ཅན་པའི་བཅུ་ཕྲག་རིག་པའི་སྙིང་བཅུད་ཁ་བའི་སྲོལ་རྒྱུན་སྙན་ཚིག་གི་ལམ་ནས་རྗེ་བཙུན་ས་སྐྱ་པ་ཆེན་པོའི་སྐུའི་འཁྲུངས་སྐར་བསུ་བ་དད་གསུམ་མི་འཇིགས་སངྒེའི་ང་རོ་ཞེས་བྱ་བ་བཞུགས་སོ།
རྩོམ་པ་པོ་གླང་ཡག་གུ་རུ་ཚེ་རིང་།

 

 

 

 

 

 

 

 

 

ཕུན་ཚོགས་སྟོབས་བཅུའི་རྩལ་རྫོགས་ཟས་གཙང་གི་སྲས་པོས།།
བྱང་ཕྱོགས་ཐུབ་དབང་གཉིས་པའི་རྒྱལ་ཚབ་ཏུ་བསྔགས་པ།།
སྐལ་བཟང་ལས་ཀྱི་མེ་ཏོག་གང་ཉིད་ལ་ཕོག་པའི།།
འཁྲུལ་ཟད་ས་དཀར་རྒྱལ་བའི་རིང་ལུགས་ལ་གུས་སོ།།

རིགས་གསུམ་སེམས་དཔའ་ཆེན་པོ་དམིགས་མེད་ཀྱི་སྙིང་རྗེས།།
བསམ་བཞིན་བསིལ་ལྡན་ཁ་བའི་རི་སུལ་དུ་བྱོན་པ།།
བརྩེ་ཆེན་ཡབ་སྲས་བརྒྱུད་འཛིན་མཁས་གྲུབ་ཀྱི་ཚོགས་བཅས།།
ད་ནས་བྱང་ཆུབ་བར་དུ་སྤྱི་གཙུག་གིས་བསྙེན་ནོ།།

ཁྱད་པར་རབ་འབྱམས་ཞིང་གི་རྒྱལ་ཀུན་གྱི་ངོ་བོ།།
རིས་མེད་གངས་ལྗོངས་བསྟན་འཛིན་ཡོད་དགུ་ཡི་གཙུག་ནོར།།
ཉམས་ཐག་མ་རྒན་འགྲོ་བའི་སྡུག་བསྔལ་གྱི་གདུང་སེལ།།
བསམ་འཕེལ་དབང་གི་རྒྱལ་བོ་སྙིང་དབུས་ནས་བསྟོད་དོ།།

གདོད་མའི་རྒྱལ་སར་བགྲང་ཡས་བསྐལ་སྔོན་ནས་གཤེཌ་ཀྱང་།།
ཨ་པཾ་གཏེར་ཆེན་སྤྲུལ་བའི་རོལ་བ་ལ་སོགས་པ།།
སྣ་ཚོགས་གདུལ་བྱ་རྡུལ་གྱི་གྲངས་སྙེད་གྱི་མགོན་དུ།།
བྱོན་བའི་བཀའ་དྲིན་འཛིན་མས་ཐེག་པ་འདི་ཨ་ཧོ།།

སྨོན་ལོག་བདུད་སྡེའི་འཁུ་བ་རྒྱལ་བསྟན་ལ་ཕྱོགས་པས།།
མ་སྐྱེས་ཡུན་དུ་འགགས་པ་ཕོ་བྲང་གི་སྐུ་སྲས།།
དེའི་ཚེ་རྩ་གསུམ་འཁྲོས་པའི་དྲག་ཤུལ་གྱི་རྩལ་ལས།།
བསམ་བཞིན་ཕེབས་པ་བསམ་འཕེལ་འདོད་འབྱུང་གི་ནོར་བུ།།

ཆེན་པོ་གསུམ་རྩེ་འོད་ཟེར་ལྷ་རིགས་ཀྱི་ཐིག་ལེ།།
དྲི་མེད་འཁོན་དང་བླ་ཆེན་ས་སྐྱ་བའི་རིགས་རུས།།
རྨད་བྱུང་མཚན་གྱི་ཆེ་བ་གསུམ་འདུས་ཀྱི་སེམས་དཔའ།།
རིགས་བདག་ཨ་ཡུ་བཛྲ་མ་ཧ་ལས་གང་ན།།

འདྲེན་བྱེད་མིག་གི་དགའ་སྟོན་མཐོང་གྲོལ་གྱི་མཚན་དཔེ།།
ཐོས་འཛིན་རྣ་བའི་བདུད་རྩི་སྙན་འཇེབས་ཀྱི་གསུང་དབྱངས།།
དྲན་རྟོགས་ཡིད་ཀྱི་གསོས་སྨན་བྱམས་བརྩེ་དང་མཁྱེན་གཉིས།།
ཡོངས་འདུས་ཡོན་ཏན་ཀུན་རྫོགས་བདག་ཅག་གི་རིགས་བདག།

ཐོས་པ་རྒྱ་ཆེ་ས་དཀར་པཎ་ཆེན་གྱི་རང་གཟུགས།།
བསམ་པ་གྲངས་མང་ཆོས་རྗེ་ཙོང་ཁ་བའི་བདག་ཉིད།།
སྒོམ་པས་དོན་རྟོགས་ཀློང་ཆེན་རབས་འབྱམས་པའི་ངོ་བོ།།
འཇམ་དབྱངས་རྣམ་གསུམ་གཅིག་འདུས་བརྩེ་ཆེན་པའི་ཉི་མ།།

གང་ཞིག་དད་པའི་གང་གི་མཚན་ཙམ་ཞིག་ཐོས་པས།།
འཁྲུལ་སྣང་ཡོངས་སེལ་ང༵ག་དབ༵ང་རྒྱལ་བསྟན་གྱི་གཙུག་རྒྱན།།
ཐེ༵ག་ཆེ༵ན་དཔ༵ལ་དུ་འབ༵ར་བའི་འདོད་འབྱུང་གི་ནོར་བུ།།
བས༵མ་འཕེ༵ལ་དབ༵ང་གི༵་རྒྱ༵ལ་བོ༵་ས་སྟེང་གི་ཟླ་བ།།

ཡང་ཟབ་གདམས་པ་ཀུན་འདུས་བིར་ཝ་པའི་མན་ངག།།
ཡབ་རྗེ་ཀུན་དགའི་དཔལ་གྱི་ཐུགས་དམ་གྱི་སྙིང་བཅུད།།
དུས་ཀྱི་མཐར་ཡང་མི་ཉམས་སྐལ་ལྡན་གྱི་ཞིང་སར།།
འདྲེན་པའི་ཤིང་རྟ་ཆེན་པོ་ས་དཀར་བའི་སྟོན་པ།།

ཐུབ་དབང་གསེར་ཀྱི་ཉི་མ་ནུབ་རུ་ལ་བརྒལ་ཞིང་།།
བྱམས་མགོན་དུང་གི་ཟླ་བ་མ་འཆར་བའི་སྐབས་འདིར།།
འགྲོ་བློའི་སྨག་རུམ་སེལ་བའི་དུས་བབ་ཀྱི་སྐར་ཆེན།།
ས་ཆེན་ཆོས་ཀྱི་རྒྱལ་པོ་ས་སྟེང་གི་སྒྲོན་མེ།།

དུས་རབས་དུས་ཀྱིས་རྫོགས་པ་ཉེར་གཅིག་གི་དུས་སུ།།
ས་བསྟན་ཆོས་ཚུལ་གངས་ཀྱི་ཕང་བ་ལས་བརྒལ་ཞིང་།།
བསྟན་འཛིན་ཐུགས་མཐུན་འདུས་སྡེ་དབྱར་མཚོ་ལྟར་རྒྱས་པའི།།
ཡང་དར་སྐྱིད་པའི་དགོད་སྒྲ་གང་ཉིད་ཀྱིས་བསུས་སོ།།

འཕགས་པ་སྡུག་བསྔལ་རང་གྲོལ་འཇིག་རྟེན་གྱི་མགོན་པོ།།
སུམ་ལྡན་ངུར་སྨྲིག་འཛིན་པའི་དགེ་སྦྱོང་སུ་བྱོན་པས།།
གང་ལ་རྡོར་འཛིན་ཀུན་གྱི་གཙུག་རྒྱན་ཞེས་བསྔགས་ཤིང་།།
རིས་མེད་བསྟན་པ་འཛིན་པའི་མིན་རྒྱན་དུ་བཀུར་འདུག།

ད་ནི་གཙང་སྟོད་གདན་ས་འོག་མིན་གྱི་ཞིང་དུ།།
ཞབས་ཟུང་གསེར་གྱི་པད་མོ་མི་རིང་བར་བཞད་ནས།།
ཡང་རྗེ་བླ་བའི་ཟབ་ཆོས་ཚོགས་སློབ་ཀྱི་དངོས་གྲུབ།།
མོས་ལྡན་བུ་ལ་བསྩལ་བའི་དུས་སྟོན་ལ་བསྒུག་ཡོད།།

རྣམ་སྣང་ཐུགས་ཀྱི་སྤྲུལ་བ་བསྟན་སྲུང་གི་གཙོ་བོ།།
མ་ཧ་ཀ་ལས་གཙོ་གྱུར་བཀའ་སྡོད་ཀྱི་ཚོགས་ཀུན།།
དམར་ཆེན་རག་ཏའི་ཨརྒྷཾ་གང་འདོད་དུ་རོལ་བཞིན་།།
གང་དགོས་འཕྲིན་ལས་སྩོལ་ལ་མ་ཐོག་པར་རྒྱུགས་ཤིག།

ཌཱཀའི་ཕེབས་བསུ་སྟོང་ཁམས་རིག་པ་ལ་གྲོལ་ཞིང་།།
སྐུ་དགག་བར་ཆད་སྤྲོས་མེད་དབུ་མ་རུ་སོལ་ནས།།
ཞི་འཛུམ་དུང་ཟླ་གངས་ཀྱི་དབུ་རྩེ་རུ་ནམ་འཆར།།
རེ་བའི་མིག་ཟུང་གྱེལ་བཞིན་གདོང་དམར་བས་ལྟས་ཡོད།།

རྒྱལ་བའི་ཐུགས་བསྐྱེད་ཀུན་ཁྱབ་གཞི་དབྱིངས་ཀྱི་ཀློང་ནས།།མཁྱེན་བརྩེ་ནུས་པའི་རང་རྩལ་རྟ་ལྗང་གི་བདག་པོ།།
ནམ་མཁའ་མ་ཞིག་འགྲོ་ཁམས་མ་སྟོང་གི་བར་དུ།།
གདུལ་བྱ་གླིང་བཞིའི་མགོན་དུ་རྟག་བརྟན་ལ་སྨོན་ནོ།།

འདི་ན་བྲིས་པ་ནོར་འགལ་མ་དག་པའི་ཀུན་སློང་།།
མ་རིག་འཁྲུལ་བས་སྦགས་པའི་ཉེས་ཚོགས་ཀྱི་ཆ་ཀུན།།
བླ་མ་མཆོག་གསུམ་བསྟན་སྲུང་རྒྱ་མཚོ་ཡི་སྤྱན་སྔར།།
ཐོགས་མེད་སྡིག་པའི་ཚོགས་དང་ལྷན་གཅིག་ཏུ་འཆགས་སོ།།

མཆོག་ཏུ་དཀར་བ་འདིས་མཚོན་དུས་གསུམ་གྱི་ལེགས་བྱས།།

དྲིན་ལྡན་ཕ་མས་གཙོ་གྱུར་མཁའ་ཁྱབ་གྱི་འགྲོ་ཀུན།།
དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཚད་ལྡན་གྱི་བླ་མས།།
མི་འབྲལ་ཚེ་རབས་ཀུན་ཏུ་རྗེས་འཛིན་ལ་བསྔོའོ།།

ཞེས་པ་འདི་ནི་སྐལ་བཟང་ལས་ཀྱི་མེ་ཏོག་གང་ལ་ཕོག་པའི་བདག་ཅག་གི་རྣམ་འདྲེན་བླ་ན་མ་མཆིས་པ་སྐྱབས་མགོན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་༧ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་བོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་དགུང་གྲངས་དོན་བཞི་ལ་ཕེབས་པའི་སྐུའི་འཁྲུངས་སྐལ་གྱི་དུས་ཆེན་ཁྱད་པར་ཅན་ལ་ཆེད་དུ་དམིགས་ནས། བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་རྗེ་བཙུན་ས་དཀར་བའི་ཆོས་འབངས་ཐ་ཤལ་བ་ཞིག་གི་རིགས་ཀྱི་སྨྱུ་གུ་འཛིན་པའི་བགོ་སྐལ་མ་ཡལ་བ་ཀུན་གྱིས་གླང་ཡག་གུ་རུ་ཚེ་རིང་དུ་འབོད་པའི་བོད་མཐོ་སྒང་གི་འབྲོག་པ་རྒན་པོ་དེས། རྣམ་འཕྱང་ས་ཁྱི་ལོའི་ཁྲུམས་སྟོད་ཟླ་བའི་ཡར་ཚེས་དང་པོའི་ཉིན་རང་སློབ་གླིང་གི་སྤྱིལ་ཆུང་ནས་བྲིས་སོ།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*