དྲིན་ཅན་ས་སྐྱ་གོང་མའི་འཁྲུངས་སྐར་དང་གདུང་བརྒྱུད་གླེང་བ།


སྟོན་པ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། 
རྩོམ་པ་པོ།  འཛིང་པ་འོད་གསལ་རྡོ་རྗེ།
 དེ་ཡང་དྲི་མེད་དཔལ་ཡོན་ལྡན་པའི་བདེ་གཤེགས་ཀྱི་བཀའ་འཁོར་དོན་གཉེར་ཐོས་སྒོམ་ལས་བལྟམས་པའི་སྐྱེས་ཆེན་ཕལ་ཆེར་བ་རྣམས་འཕགས་ཡུལ་དུ་བཞུགས་པའམ་བྱོན་པའི་ལོ་རྒྱུས་ཀྱི་རི་མོའི་གླིང་དུ་དད་པའི་མིག་ཆུ་དབང་མེད་དཀུ་བའི་ཞི་བདེའི་ཆེད་དུ་བརྩོན་པའི་ཐིག་རིས་དང་ཚོན་མདངས་འབེལ་པོ་ཤིན་ཏུ་མཇལ་ཐུབ་པའི་སྟེང་། དྲིན་ཅན་སྟོན་པ་དང་། འཁོར་ཉན་རང་བྱང་སེམས། རྗེས་འཇུག་ལོ་པཎ་ཡོངས་ཀྱིས་དཀའ་ངལ་འཛེམས་མེད་བྱས་ནས་མདོ་རྒྱུད་བསྟན་བཅོས་ས་འཛིན་ལས་ཀྱང་མངོན་མཐོ་བསྐྲུན་པའི་རླབས་ཆེན་གྱི་བྱ་ལས་ཉིད་ཡང་ཡང་ཡིད་མཁའ་རུ་གཞེན་ཚེ། སྒོ་གསུམ་གུས་པའི་ལམ་ལ་ཡིད་ཆེས་ཀྱི་འོད་ཟེར་འཕྲོ་བ་ནི་ཅི་འདྲའི་དོ་ཟླ་མེད་པའི་མཛེས་སྡུག་ལྡན་པ་ཞིག །ཁོང་རྣམ་པའི་གྲུབ་འབྲས་ལ་བསྟེན་པའི་ནང་ཆོས་ཀྱི་མི་སྣ་མང་དུ་སྡུག་ཀུན་མཚོ་མོ་བརྒལ་ནས་འགོག་ལམ་ཞི་བའི་འཚོ་བར་རོལ་བས། འཚེ་མེད་ཀྱི་ཆོས་ལུགས་འཕེལ་རྒྱས་ཀྱི་ཕྱོགས་ཕྱིས་སུ་ས་དགེ་དཀའ་རྙིང་ཇོ་ནང་བཅས་པའི་བསྟན་འཛིན་གང་གའི་ཤུགས་རྐྱེན་འོག །བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ་བསྟན་པ་རྣམ་དག་ད་བར་གནས་ནས་དད་ལྡན་མང་ཚོགས་ཀྱང་ཉིན་རེ་ལས་ཉིན་རེ་ཇེ་མང་རྒྱུ་བའི་རྣམ་པ་ལ་རངས་སོང་ངོ་། 

          དེ་དག་གི་ནང་སྐབས་སུ་བབ་པ་ནི་དཔལ་ལྡན་ས་སྐྱ་པའི་ལྷ་རིགས། འཁོན་རིགས། གདུང་རིགས་སོགས་ཀྱི་བསྟན་འཛིན་ཤ་སྟག་ཚར་ལོང་བྱུང་ཚུལ་མདོར་ཙམ་བརྗོད་དེ། ཐོག་མར་འོད་གསལ་ལྷ་ལས་ཆད། བར་དུ་འཁོན་བར་སྐྱེས་རིགས། དེ་ནས་འཁོན་དཀོན་མཆོག་རྒྱལ་པོས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེེས་སོགས་ཀྱི་དྲུང་དུ་གསང་སྔགས་གསར་འགྱུར་རྣམས་ལ་སྦྱངས། ཕྱིས་ས་སྐྱ་བོ་ཞིག་ཏུ་ཁོང་གིས་དགོན་པ་བཏབ་པས་དེ་ལ་ས་སྐྱའི་དགོན་པའམ་ས་སྐྱ་པ་ཞེས་ཐ་སྙད་ད་བར་ཡོད་པའི་དྲིན་ཉིད་དང་། ཁྲི་རབས་དང་པོའང་ཡིན་ནོ། །ཁོང་གི་སྲས་ས་ཆེན་ཀུན་དགའ་སྙིང་པོ་ནས་ད་ལྟའི་བར་ཁྲི་རབས་བཞི་བཅུ་ཞེ་གཉིས་སླེབ་པའི་ནང་། འཇམ་མགོན་ས་པཎ་ནི་གདུང་བརྒྱུད་ནང་རབ་བྱུང་ཐོག་མ་དང་དེའི་རྗེས་འགྲོ་མགོན་ཆོས་འཕགས་ཀྱང་རབ་བྱུང་བྱས། བསྟན་བདག་མངའ་གསོལ། ཧོར་རྒྱལ་པོས་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་དང་ཆོལ་ཁ་གསུམ་རྣམས་ཕུལ། སྤྱི་ལོ༡༢༧༦ལོར་ས་སྐྱའི་ཆོས་རྒྱལ་མཛད། བོད་ཁམས་ཐམས་ཅད་མངའ་འབངས་སུ་གྱུར། ས་སྐྱའི་དུས་རབས་ཞེས་ཡོངས་སུ་གྲགས། བོད་སྤྱི་ལ་ཕན་ཐོག་ཆེན་པོ་བྱས་པ་དང་། ད་ལྟ་མདོ་དབུས་ཁམས་གསུམ་ཞེས་པ་གོ་རྒྱུ་ཡོད་པའང་དཔལ་ལྡན་ས་སྐྱ་པའི་དྲིན་ནོ། །
    
       དྲིན་ཅན་དེ་དག་གི་སྡེ་འམ། གདུང་རྒྱུད་མི་ཉམས་པ་དང་ཐུགས་བཞེད་གེགས་མེད་འགྲུབ་པའི་རྒྱུ་རྐྱེན་གཙོ་བོ་ནི། དད་ལྡན་རྣམས་ཐུགས་མཐུན་ཁྲིམས་གཙང་དགེ་བཅུའི་ལམ་དུ་ཉིན་མཚན་མེད་པར་འདའ་བ་དང་། ལུང་སྡེ་སྣོད་དམ་དམ་པའི་ཆོས་ཚུལ་བཞིན་གྱི་ཐོས་བསམ་སྒོམ་གསུམ་རྒྱུན་ཆད་མེད་པར་ལག་བསྟར་བྱེད་པ་དེ་ཡིན་ཏེ། རྒྱལ་བའི་བཀའ་ལས། གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བཟུང་ངམ། བཅངས་སམ། བླགས་སམ། ཀུན་ཆུབ་པར་བྱས་སམ། ཚུལ་བཞིན་དུ་ཡིད་ལ་བྱས་ན་སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མི་འགྱུར། ཆོས་ཀྱི་ཚུལ་དང་། དགེ་འདུན་གྱི་ཚུལ་རྒྱུན་ཆད་པར་མི་འགྱུར་ཞིང་། དཀོན་མཆོག་གསུམ་གྱི་གདུང་རྒྱུད་ཆད་པར་མི་འགྱུར་ལ། ཞེས་སོགས་དང་། ཡང་། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་དེ་བཞིན་གཤེགས་པའི་གདུང་རྒྱུད་མི་འཆད་པར་བྱ་བ་ལ་སློབ་བོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་འདྲའི་དྲི་མ་མེད་པའི་མཆོག་གསུམ་གྱི་གདུང་དག་མི་ཉམས་པའི་ཕྱིར་བྱང་སེམས་ཀྱི་སྐྱེ་བ་འབའ་ཞིག་མི་ཡུལ་དུ་བྱོན་པ་ཡིན་ཏེ། རྒྱལ་བའི་མདོ་རྒྱུད་དག་ལས། དཀོན་མཆོག་གསུམ་གྱི་གདུང་རྒྱུད་མི་བཅད་པའི་ཕྱིར་བསམ་བཞིན་དུ་སྐྱེ་བ་རྣམས་སུ་རྒྱུ་བར་བྱེད་དེ། ཞེས་དང་། བདེ་གཤེགས་ཡེ་ཤེས་གདུང་རྒྱུད་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཛིན། །འབྱུང་པོ་དུ་མ་ལམ་ལ་འཛུད། །ཡེ་ཤེས་ཚུལ་འདི་བསྟན་པའོ། ། ཞེས་དང་། མ་འོངས་འཁོན་གདུང་ཡིན་ངེས་གང་ཟག་རྣམས། །ང་ཡི་ཉན་ཐོས་རྒྱན་དྲུག་མཆོག་གཉིས་དང་། །གྲུབ་ཆེན་བརྒྱད་བཅུའི་རྣམ་སྤྲུལ་མ་གཏོགས་པ། །སྐལ་བ་དམན་པ་གཞན་དག་འབྱུང་རེ་ཀན། །ཅེས་སོགས་གསུངས་པའི་ཕྱིར་རོ། །

        དེའི་ཕྱིར་འདུལ་བྱའི་ཁམས་དང་མོས་པ་སོགས་ལ་དམིགས་ནས་ཀུན་མཁྱེན་གོ་ཤཱཀ་སྟག་གསུམ། ཀུན་མཁྱེན་གཡག་རོང་རེད་གསུམ་སོགས། ས་ངོར་རྫོང་གི་པཎ་གྲུབ་འབེལ་པོ་སྐྱེ་བ་བཞེས་པའི་རྨད་བྱུང་གདུང་རྒྱུད་དུ་མ་བྱུང་བའི་དཀྱིལ་དུ། ནག་ནོག་གི་ལྟ་སྤྱོད་བྲལ་བ། བྱམས་བརྩེ་ཡི་ཐུགས་དཀྱེལ་ལྡན་པ། མདོ་རྒྱུད་ཀྱི་དྲང་ངེས་འཕྲིགས་པ། གཞན་ཕན་གྱི་འགྲོ་བར་ཐེན་པ། སོ་སྡོམ་གྱི་འདུལ་འཛིན་དམ་པ། དམིགས་བསལ་གྱི་བོད་འབངས་སྐྱོང་བའི་གོང་མ་རིན་པོ་ཆེ་འམ་ས་སྐྱའི་ཁྲི་རབས་ཞེ་གཅིག་པ་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་གི་སྐུའི་འཁྲུངས་སྐར་དོན་བཞི་པ་བསུ་བ་དང་བསྟུན། ཀུན་རྫོབ་ཏུ་སྣང་ངོར་འགྲོ་དོན་རྒྱ་ཆེར་མཛད་ཅིང་། དོན་ལ་རྗེ་བཙུན་འཇམ་དབྱངས་རྣམ་གསུམ་དབྱེར་མ་མཆིས་པའི་རིས་མེད་ཀྱི་སྐྱེས་ཆེན་ཁོང་ལ། བོད་འབངས་ཡོངས་ཀྱིས་སྐུའི་འཁྲུངས་སྐར་ཙམ་དུ་མ་ཡིན་པ། དྲིན་ཅན་གྱི་གདུང་བརྒྱུད་རྣམས་སྐུ་ཚེ་ཡུན་དུ་བརྟན་པའི་ཆེད། དགེ་བཅུའི་ཁྲིམས་ལས་འགལ་བའི་བྱ་སྤྱོད་མ་རུང་པ་རྣམས་མི་བཟོ་བའི་དམ་བཅའི་སྟེང་། སྐུ་ཚེ་ལ་བར་ཆད་མེད་པ་སོགས་ཀྱིས་གསོལ་འདེབས། འགྲོ་ཀུན་གྱི་བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་ལངས་པ། ལམ་གྱི་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བའི་སྨོན་ལམ། དུ་རེ་བ་བྱེད་པ་གལ་ཆེའོ། །ཡང་བསྒོས་སུ་བོད་བརྒྱུད་ནང་བསྟན་གྱི་ལྟ་སྤྱོད་ཡར་ངོའི་ཟླ་བ་ལྟར་གོང་ནང་གོང་དུ་འཕེལ་ཕྱིར་ཡིད་ལ་ཡང་ཡང་ཞུ་འབུལ་བསྒོམ་པའི་རེ་བ་དང་བཅས། དྲིན་ཅན་བླ་མ་ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག་གུའོ། །
      ཞེས་པ་འདི་ནི་དད་ལྡན་སློབ་བུ་འཛིང་པ་འོད་གསལ་རྡོ་རྗེས་མ་ཡུམ་རྫོང་སར་ཁམས་བྱེ་ཐུབ་བསྟན་སློབ་གླིང་གི་གྲོ་བཞིན་ཟླ་བའི་ངལ་གསོའི་སྐབས་དང་འབྲེལ། རང་ཤག་ཕྲ་མོ་ནང་བྲིས་པའོ། །
About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*