གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག

༄༅། དཔལ་ལྡན་བླ་མ་ཞབས་པད་བརྟན་པའི་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག་ཅེས་བྱ་བ་བཞུགས་སོ།།

རྩོམ་པ་པོ། འཁོན་རིགས་ཨ་བི་ཀྲྀ་ཏ་བཛྲ།

སྤྱིར་ན་བསླུ་མེད་དཀོན་མཆོག་རིན་ཆེན་དང་།།
ཁྱད་པར་འཆི་མེད་ཚེ་ཡི་ལྷ་ཚོགས་ལ།།
མི་ཕྱེད་དད་པས་གསོལ་འདེབས་བདེན་པའི་དོན།།
གེགས་མེད་ཡིད་བཞིན་འགྲུབ་པའི་བྱིན་མཐུ་སྩོལ།།

འགྲོ་ལ་བརྩེ་བས་རྗེས་ཆགས་བྱུ་རུའི་མདངས།།
འཆི་མེད་བདུད་རྩིའི་བུམ་བཟང་ལེགས་པར་བསྣམས།།
མཚན་ཙམ་དྲན་པས་ཚེ་ཡི་དཔལ་སྟེར་བའི།།
ལྷ་མཆོག་གང་དེས་དེང་འདིར་ཤིས་པ་སྩོལ།།

ང༵ག་དབ༵ང་མཁྱེན་པའི་གཏེར་ཆེན་འཇམ་དཔལ་དབྱངས།།
ཀུ༵ན་དག༵འ་སྙིང་པོའི་རིང་ལུགས་མཛོད་འཛིན་ཕྱིར།།
བསམ་བཞིན་འདིར་བྱོན་ཐེ༵ག་ཆེ༵ན་མདོ་སྔགས་ཀྱི།།
སྔོན་མེད་དཔ༵ལ་དུ་འབ༵ར་ཁྱེད་ཞབས་བརྟན་གསོལ།།

ཕྲི༵ན་ལ༵ས་འཛད་མེད་ནམ་མཁའི་མཐའ་དང་མཉམ།།
གདུལ་བྱའི་རེ་སྐོང་བས༵མ་འཕེ༵ལ་ལྗོན་དབང་ཉིད།།
དབང་བཅུ་དབ༵ང་གི༵་མཐུ་ལ་མངའ་བརྙེས་པའི།།
འཛམ་གླིང་ཆོས་ཀྱི་རྒྱལ༵་པོ༵་ཞབས་བརྟན་གསོལ།།

ཁྱེད་ཉིད་བགྲང་ཡས་བསྐལ་བའི་སྔོན་རོལ་ནས།།
རྨད་བྱུང་ཐུགས་བསྐྱེད་ཟབ་མོ་མཐར་ཕྱིན་ཀྱང་།།
བསམ་བཞིན་བསྟན་འགྲོའི་དོན་དུ་འདིར་ཕེབས་པས།།
ད་དུང་བསྐལ་བ་རྒྱ་མཚོར་བརྟན་བཞུགས་གསོལ།།

ཞེས་དཔལ་ལྡན་བླ་མའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག་ཅེས་བྱ་བ་གུས་འཁོན་རིགས་ཨ་བི་ཀྲྀ་ཏ་བཛྲས་བོད་རྒྱལ་ལོ་ ༢༡༤༤ བོད་ཟླ་ ༧ ཚེས་ ༢༥ ཉིན་སྦྱར་བ་དགེ་ལེགས་འཕེལ།།

 

 

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*