༧སྐྱབས་མགོན་ས་སྐྱ་༧གོང་མ།

གྱེར་ཚིག གསེར་སྨྱུག

༧སྐྱབས་མགོན་ས་སྐྱ་༧གོང་མ། ཁྱེད་ནི་མཚན་མཆོག་གསུམ་གྱི་བདག་ཉིད་རིགས་རུས་ཀྱི་ཆེ་བ་ཅན། ཐོས་བསམ་སྒོམ་གསུམ་གྱི་བང་མཛོད་གྱུར་ནས། འཆད་རྩོད་རྩོམ་གསུམ་ལ་མངའ་དབང་འབྱོར་བའི་མཁས་པའི་ཁྱུ་མཆོག་གྲུབ་པའི་བདག་ཉིད་སྙིགས་དུས་ཀྱི་སྟོན་པ། རིས་མེད་མཁས་པ་ཀུན་གྱིས་གཙུག་ཏུ་བཀུར་བའི་བླ་མ། ཉིད་ཀྱི་སྐུའི་འཁྲུངས་སྐར་དགའ་དད་སྤྲོ་གསུམ་གྱིས་བསུ།

༧སྐྱབས་མགོན་ས་སྐྱ་༧གོང་མ། ཁྱེད་ནི་རིགས་གསུམ་མགོན་པོའི་རྣམ་འཕྲུལ། མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག མཁས་བཙུན་བཟང་གསུམ་གྱི་བདག་ཉིད། རྒྱལ་སྲས་བྱང་སེམས་ཆེན་མོ། སྙིགས་མའི་༧སྐྱབས་མགོན་དམ་པ། རྒྱལ་བསྟན་གསལ་བར་བྱེད་པའི་སྒྲོན་མེ། སྐལ་ལྡན་འགྲོ་དྲུག་འདྲེན་པའི་དེད་དཔོན། ཉིད་ཀྱི་སྐུའི་འཁྲུངས་སྐར་བསྟོད་ཚིག་མཆོད་སྤྲིན་གྱིས་བསུ།

༧སྐྱབས་མགོན་ས་སྐྱ་༧གོང་མ། ཁྱེད་ནི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སངས་རྒྱས་རྡོ་རྗེ་འཆང་ཆེན་མིའི་རྣམ་པ་རོལ་པ། སྟོན་པའི་སྟོན་པ། བླ་མའི་བླ་མ། གོང་མའི་གོང་མ། མཁས་པའི་མཁས་པ། འཚེ་མེད་ཞི་བདེའི་དེད་དཔོན་ཆེན་པོ། མཐོ་སྒང་གངས་ལྗོངས་སུ་སྐུའི་མཚན་དཔེ་བཞད་པའི་དུས་བཟང་། དད་གུས་མོས་གསུམ་གྱིས་སྙན་དབྱངས་བསྟོད་ཚིག་གི་མེ་ཏོག་འཐོར་ཞིང་བསུ།

༧སྐྱབས་མགོན་ས་སྐྱ་༧གོང་མ། ཁྱེད་ནི་རྒྱལ་བ་བསྐལ་བཟང་རྣམ་འདྲེན་བཞི་པའི་རྒྱལ་ཚབ་དམ་པ། དཔལ་བརྩེ་བ་ཆེན་པོའི་བསྟན་པའི་སྲོག་ཤིང་། དུས་རབས་ཀྱི་སྟོན་པ། མི་རབས་ཀྱི་ལྷ་སྐལ། འདི་ཕྱིའི་སྐྱབས་གནས་དམ་པ། སྐལ་བཟང་གདུལ་བྱའི་རེ་བ་བསྐང་ཕྱིར་དུ། དྲི་མེད་གཟུགས་སྐུའི་བཀོད་པ། ལྷམ་མེ། ལྷན་ནེ། ལྷང་ངེར། སྐལ་ལྡན་གདུལ་བྱ་རྣམས་ཀྱི་དད་པའི་རྟེན་སྐལ་དུ་རྟག་བརྟན་མི་ཤིགས་རྡོ་རྗེའི་རང་ཁམས་སུ་འཚོ་ཞིང་བཞུགས་པའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུའོ།།

སྤྱི་ལོ།༢༠༡༨ ལོའི་ཟླ་༨ ཚེས་༥ ཉིན་ནས་བྲིས།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*