ཕར་ཕྱིན་གྱི་འབེལ་གཏམ་ལས་བྱུང་བའི་དབུ་མ་པའི་ངེས་དོན་གྱི་ལྟ་བ་སེམས་ཙམ་སྒྲུབ་ཚུལ། གཉིས་པ།

འཛིང་པ་འོད་གསལ་རྡོ་རྗེས།

 

 

སྟོན་པ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ།
དེ་ཡང་ཚད་ལྡན་གྱི་བཀའ་དག་མ་ལང་ཀར་གཤེགས་པ་དང་། དཀོན་མཆོག་བརྩེགས་མ་དང་། ཡུམ་གྱི་སྙིང་པོ་དང་། ཡུམ་བར་མ་དང་། འགྲེལ་ཆུང་སོགས་ལས་ཐེག་པ་ལྔ་དང་། ཐེག་པ་གསུམ་དང་། ཐེག་པ་གཉིས་དང་། ཐེག་པ་གཅིག་སྟེ། ཞིབ་དཔྱོད་ཀྱི་ཁྲོད་རྣམ་དབྱེ་མང་དུ་མཆིས་ཀྱང་གཙོ་བོ་ནི་ཆེན་པོ་བདུན་དང་ལྡན་མི་ལྡན་གྱི་སྒོ་ནས་ཐེག་པ་ཆེ་ཆུང་བཞག་པའི་ནང་། སྒྲུབ་པའམ་ལམ་མམ་སེམས་བསྐྱེད་ཀྱི་ཁྱད་པས་སོ་སོ་འབྱེད་སླ་བས་འདིར་ཐེག་ཆེན་གྱི་ལམ་རིམ་བརྗོད་པར་བྱའོ། །ཐེག་ཆེན་གྱི་ལམ་མམ་ཐེག་པའི་འབྲས་བུ་རང་ཉིད་ལ་འཐོབ་ཆེད་ཐོག་མར་མོས་པའམ་དོན་གཉེར་གྱི་བསམ་བློ་ཞིག་སྔོན་དུ་འགྲོ་དགོས་པ་ནི་བྱམས་གཞུང་གིས་བསྟན་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་སོགས་དང་། དེའི་དབྱེ་བ་བཤད་པའི་ཚེ་ས་ལྟ་བུ་སེམས་བསྐྱེད་དེ་ཐོག་མར་བཞག །དེ་ཉིད་འགྲེལ་ཆུང་དུ་མོས་པར་སྦྱོར་བ་དང་། མདོ་སྡེ་རྒྱན་དུ་དང་པོ་མོས་པ་ལས་བྱུང་བའི་སེམས་བསྐྱེད་ཅེས་དོན་བྱས་སོ། །བྱམས་གཞུང་ནས་བཤད་པའི་སེམས་བསྐྱེད་ལ་དངོས་ཤུགས་ཕྱེ་དགོས་སྟེ། ཐེག་ཆེན་གྱི་གོ་ས་གཞན་དོན་བྱེད་པ་ལས་འབྱུང་བས་ན་གཞན་དོན་སྒྲུབ་པའི་སེམས་བསྐྱེད་དངོས་བསྟན་བྱས་ཤིང་། ཐེག་དམན་གྱི་གོ་གནས་སྒེར་གྱི་བྱ་བ་བརྩོན་པ་ལས་འབྱུང་བས་ན་དམན་པའི་སེམས་བསྐྱེད་ཤུགས་བསྟན་གྲུབ་བོ། །རྒྱན་གཉིས་ཆར་ལས་ཐེག་ཆེན་སེམས་བསྐྱེད་ལ་ཉི་ཤུ་རྩ་གཉིས་དང་། སྨོན་འཇུག་སེམས་བསྐྱེད། བདེན་གཉིས་སེམས་བསྐྱེད་ཅེས་ཐ་སྙད་འབེལ་པོ་བྱུང་ཡང་། བྱམས་ཆོས་གཞུང་གི་བསྟན་བྱའི་གཙོ་བོ་གྱུར་པའི་སེམས་བསྐྱེད་ནི། བྱང་སེམས་ཀྱི་འདུན་ལྡན་སེམས་བསྐྱེད་ཡིན་དགོས་ཏེ། མདོ་སྡེ་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། ཞེས་སོགས་གསུངས་པའི་ཕྱིར། སངས་རྒྱས་ཀྱི་ས་ལ་སེམས་བསྐྱེད་ཡོད་ཀྱང་། གཞུང་གི་བསྟན་བྱའི་གཙོ་བོ་གྱུར་པ་ནི་མེད་དེ། འདོད་པ་མེད་པའི་ཕྱིར། དཔེར་ན་མངོན་རྟོགས་རྒྱན་གྱི་སྐབས་ནས་བསྟན་པའི་མཁྱེན་གསུམ་ལ་འཕགས་པ་སོ་སོའི་མཁྱེན་པ་ཡོད་ཀྱང་། བརྗོད་བྱའི་གཙོ་བོ་གྱུར་པའི་མཁྱེན་གསུམ་ནི། བྱང་སེམས་ཀྱི་རྒྱུད་ཀྱི་མངོན་རྟོགས་འབའ་ཞིག་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་ས་ལ་རྣམ་མཁྱེན་གྱི་ངོ་བོ་གྱུར་པའི་སྒྲུབ་པ་དང་སྦྱོར་བ་ཡོད་མོད། བསྟན་བྱའི་གཙོ་བོ་གྱུར་པར་རྣམས་མེད་པར་བཞེད་ན་མཛེས་པའི་རྒྱན་ཡོད་དོ། །ཐེག་ཆེན་སེམས་བསྐྱེད་ཀྱི་ངོ་བོ་གྱུར་པའི་སྨོན་འཇུག་གཉིས་གཙོ་བོ་བསླབ་པའི་གྲོགས་ཀྱིས་ཟིན་མ་ཟིན་པ། ཆོ་གས་ཟིན་མ་ཟིན་པ། སྡོམ་པས་ཟིན་མ་ཟིན་པ་སོགས་ལས་རྣམ་པར་འབྱེད་པའི་སྟེང་། དོན་ལ་ལྡོག་ཆ་མ་གཏོགས་ཁྱབ་མཉམ་དུ་ངེས་ཏེ། དེ་གཉིས་ཇི་སྲིད་གནས་ཀྱི་བར་དུ་ངོ་བོ་གཅིག་ཏུ་ལྡན་ནོ། ། (ཀུན་མཁྱེན་རོང་སྟོན་གྱིས་སྨོན་སེམས་ནི་བྱང་སེམས་ཀྱི་བསླབ་བྱ་མིན་པར་གསུངས་པ་དེ་དགོངས་བཞེད་ཅི་ཡོད་དམ)མ་གཞི་ཤེས་ལྡན་ཀུན་གྱིས་སེམས་བསྐྱེད་ལ་གཉིས་སུ་དབྱེ་བ་ཡང་སྤྱོད་འཇུག་ལས་ཕྱིར་གཟིགས་བྱས་ཀྱི་བྱམས་གཞུང་ལ་སྨོན་འཇུག་ཀྱི་སེམས་བསྐྱེད་གསུངས་པ་མངོན་གསལ་མེད་དོ། །དེས་ན་ཐེག་ཆེན་སེམས་བསྐྱེད་ཚད་ལྡན་ཞིག་རྒྱུད་ལ་སྐྱེ་བ་དང་ཚོགས་ལམ་ཐོབ་པ་གཉིས་དུས་མཉམ་ཡིན་ཏེ། ལམ་ལྡན་མི་ལྡན་སེམས་བསྐྱེད་ལ་ལྟོས་དགོས་པའི་ཕྱིར་རོ། །

ཐེག་ཆེན་གྱི་ཚོགས་ལམ༽

དེ་ཡང་མདོ་སྡེ་དཀོན་མཆོག་སྤྲིན་ལས། བསྐལ་པ་གྲངས་མེད་པ་གསུམ་གྱི་ཐོག་མ་ནི་གང་ནས་རྩོམ་ཞེ་ན། ཐར་པའི་ཆ་དང་མཐུན་པ་ཙམ་གྱིས་མིན་ཏེ། ཚོགས་ལམ་ནས་སོ། །ཞེས་ཚོགས་བསགས་པའི་ལམ་ཐོག་མར་ཚོགས་ལམ་ངོས་འཛིན་ཅིང་ཐ་སྙད་ཀྱང་མདོ་ཚིག་གི་དངོས་སུ་ཟིན་པ་ཡིན་ནོ། །རྒྱན་གཞུང་ན་ཐར་པ་ཆ་མཐུན་ཁྱད་པ་ཅན་མ་གཏོགས་ཚོགས་ལམ་གྱི་ཐ་སྙད་བསྟན་པའི་ཚིག་ཟུར་ཙམ་མི་སྣང་ཡང་། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་སོགས་ཚིགས་བཅད་གཅིག་ལ་ཕྱི་རབས་ཀྱི་མཁས་པ་རྣམས་ཀྱིས་དངོས་ཤུགས་ཕྱེ་ཞོར་ཚོགས་ལམ་ཆེ་འབྲིང་ཆུང་གསུམ་དང་། ཁྱད་པར་ཅན་དང་ཚོགས་ལམ་ཆེན་པོ་གཉིས་ཁྱབ་མཉམ་ཡིན་པ་སོགས་ཞིབ་ཆ་ལེགས་པོ་རྒྱ་ཆེར་བྱས་པ་བསྡུས་པའི་ལམ་དུ་དྲང་ན། ཁོང་རྣམ་པས་བསྟན་བྱའི་གཙོ་བོ་གྱུར་པའི་ཐར་པ་ཆ་མཐུན་ནི་སངས་རྒྱས་སོགས་ཀྱི་ཡུལ་ལྔ་ལ་མཁས་པ་ན། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་གསུངས་པ་དང་། དངོས་བསྟན་ཚོགས་ལམ་ཕལ་བ་ནི་རྟོག་པ་ཞེན་པས་མི་རྟོགས་ཏེ། །རྟུལ་པོས་རྟོགས་དཀར་བཞེད། །ཞེས་གསུངས་སོ། །ཐེག་ཆེན་ཚོགས་ལམ་གྱི་ཐད་དུ་མཁས་པ་རྣམས་ཀྱིས་མང་དུ་དཔྱད་པའི་ནང་གི་ས་སྐྱའི་པཎ་ཆེན་ངག་ཆོས་ཀྱིས་དམིགས་བསལ་གྱི་ཞིབ་གཅོད་ལ་བརྩོན་ཏེ། ཁོང་གིས་བདག་མེད་མ་རྟོགས་པའི་ཚོགས་ལམ་དང་། ཚོགས་ལམ་ལ་མཉམ་རྗེས་མེད་པའི་ཁས་ལེན་སོགས་ནི། གཙོ་བོ་སྤྱོད་པ་སྔོན་དུ་འགྲོ་བའི་བྱང་སེམས་ཚོགས་ལམ་སྐད་ཅིག་དང་པོ་དང་། སྟོང་ཉིད་གཙོ་བོ་སྒོམ་པ་ལ་གསལ་སྣང་འབྱུང་དགོས་པས་ཚོགས་ལམ་གྱི་སྐབས་སྟོང་ཉིད་གཙོ་བོ་སྒོམ་པར་མེད་པ་སོགས་ལ་བློ་རྩེ་གཏད་ཡོད་པར་སེམས། སྐབས་ལྔ་པའི་གཞུང་ཚོགས་སུ་ཚོགས་ལམ་གྱི་རྩེ་སྦྱོར་མི་འབྱུང་བའི་གཞི་རྩའང་ཡིན་ནོ། །འོ་ན་ཚོགས་ལམ་གྱི་སྐབས་སུ་སྟོང་ཉིད་སྒོམ་པ་མེད་དམ་ཞེ་ན། གཙོ་བོ་སྒོམ་པ་མི་བྱེད་ཀྱང་སྒོམ་པ་ཙམ་ཡོད་དེ། ཡུམ་དོན་རབ་གསལ་ལས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ལམ་དེ་རྣམ་རྫོགས་སྦྱོར་བ་ཡིན་ན་སྟོང་ཉིད་སོགས་དང་རྣམ་པ་གསུམ་སྒོམ་པ་ངེས་ཤིང་། སྒོམ་པ་ལའང་རྫོགས་སྒོམ་དང་བསྡུས་སྒོམ་གཉིས་ཕྱེ་ནས་དེ་གཉིས་ཀྱི་གོ་དོན་སོ་སོ་ཡོད་དེ། བསྒོམ་བྱའི་དོན་ལ་ཉམས་སྐྱེས་ནས་སྒོམ་བྱ་མངོན་སུམ་དུ་རྟོགས་པ་ཡིད་ལ་བྱེད་པ་དང་། ཡུལ་ཅན་མཁྱེན་གསུམ་དང་ཡུལ་སྐྱེ་མེད་གསུམ་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ནི་རིམ་བཞིན་སྔ་ཕྱི་ལ་གཞག་ན་ངག་ཆོས་ཀྱི་ལེགས་བཤད་ལས་ཉིང་ཁུ་འབྱུང་ངོ་། །དེ་ལྟར་བྱས་ན་ཐེག་ཆེན་སྦྱོར་བ་ཉི་ཤུ་པོ་རེ་རེས་ཀྱང་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་རྫོགས་པར་སྒོམ་པ་གསུངས་པའང་སྒོམ་ཚུལ་བཞི་པོའི་བྱེད་ལས་དང་འབྲེལ་བའི་གོ་བས་འགལ་དོགས་འདྲ་ཡོད་པའི་བཅིང་པ་ལས་གྲོལ་ལོ། །
སྤྱི་བྱིངས་ཙམ་བརྗོད་ན་སྦྱོར་བ་བཞིའི་མ་མཐའི་ས་མཚམས་སློབ་ལམ་བཞི་ལ་རིམ་བཞིན་གཞག་ཆོག་སྟེ། རྣམ་རྩེ་གཉིས་ཀྱི་མ་མཐའི་ས་མཚམས་ཐེག་ཆེན་ཚོགས་སྦྱོར་དང་། མཐའི་སྦྱོར་གྱི་ས་མཚམས་མཐོང་ལམ་དང་། སྐད་ཅིག་སྦྱོར་བའི་ས་མཚམས་སྒོལ་ལམ་མོ། །སྦྱོར་བ་གསུམ་པའི་ཐད་རྒྱན་གཞུང་ལ་ཞིབ་དཔྱོད་པ་འཕགས་སེང་གཉིས་ཀྱིས་མཐའ་སྦྱོར་གྱི་ས་མཚམས་ཚོགས་སྦྱོར་དུ་འཆད་པ་ནི་དྲང་དོན་ཡིན་ཏེ། ཀུན་མཁྱེན་གྱིས་མཛད་པའི་འགྲེལ་པ་ངག་དོན་ལས། མཐར་གྱིས་པ་དང་། མཐར་གྱིས་པའི་སྦྱོར་བའི་ཁྱད་པར་ནི། མཐར་གྱིས་བྱ་བ་སོགས་ཚོགས་ལམ་ནས་བཞག་ཀྱང་མཐར་གྱིས་པའི་སྦྱོར་བ་ས་དང་པོ་ནས་འཇོག་ཚུལ་ཤེས་པ་གལ་ཆེའོ། །ཞེས་གསུངས་པ་ནི་གཏི་མུག་གཉིད་ལས་དཀྲོག་པའི་དབྱར་སྐྱེས་རྔ་བརྡུང བ་བཞིན་འཕགས་སེང་གཉིས་ཀྱི་དོན་དམ་པའི་དགོངས་པ་འཕྲིགས་པའམ་རྟོགས་པ་ཡིན་ནོ། དེ་ལྟར་ཚོགས་ལམ་ཆུང་འབྲིང་ནི་ཐོས་བསམ་འབའ་ཞིག་གིས་བསྡུས་པ་དང་། ཆེན་པོ་ནི་སངས་རྒྱས་ཀྱི་ཡུལ་ལྔ་ལ་མཁས་པའི་དད་སོགས་ཀྱི་རྒྱུན་རིམ་བཞིན་བསྒོམ་པ་དང་། མཐར་སྒོམ་བྱའི་དོན་ལ་གསལ་སྣང་ཐོབ་པའི་ཚེ་ཚོགས་ལམ་རང་དྲོད་སོགས་བཞིའི་ངང་ཚུལ་ངེས་འབྱེད་ཆ་མཐུན་འགྱུར་བ་ཡིན་ནོ། །

ཐེག་ཆེན་གྱི་སྦྱོར་ལམ༽

སྐབས་བཞི་པ་ལས། ཚོགས་ལམ་ཁྱད་པར་ཅན་རྫོགས་པར་བསྟན་པའི་རྗེས་སུ། ངེས་འབྱེད་ཡན་ལག་ནས་གཟུང་སྟེ། །ཞེས་སོགས་གཞུང་འབྲེལ་བའི་ཕྱིར་ཏེ། ཐེག་ཆེན་སྦྱོར་ལམ་གཏན་འབེབ་ཀྱི་གཞུང་གཙོ་བོ་ནི་རྒྱན་གཉིས་ཡིན་གྱི་བྱམས་གཞུང་གཞན་གསུམ་ལ་གསལ་ཁ་མ་བྱུང་ངོ་། །སྦྱོར་ལམ་ལ་དོན་ལྡོག་དང་། རྟོག་པ་ལྡན་ཚུལ་སོགས་ལ་བློ་གྲོས་རིག་རྩལ་ཅན་ཚོས་དཔྱད་པ་རྣམས་མཛུབ་རྩེ་ལ་བགྲང་དུ་མ་མཆིས་ཀྱང་། སླང་ཡང་རྒྱན་གཞུང་དང་སྒྲིག་ཞོར། རྣམ་རྟོག་ལ་འཆར་ཞོར་གྱི་ཕྱོགས་སུ་སྤྱད་དེ། སྤྱིར་བྱམས་སེམས་སྤང་བྱ་ལ་མཐོང་སྤང་དང་སྒོམ་སྤང་གང་རུང་དང་། གཉེན་པོར་སྦྱོར་མཐོང་སྒོམ་གསུམ་གང་རུང་ངེས་པས། གཉེན་པོ་དེས་སྤང་བྱ་སྤོང་བ་ལ་རགས་པ་མགོ་གནོན་ཙམ་དང་ས་བོན་དྲུང་འབྱིན་བྱེད་ཀྱང་། སྐབས་དང་པོའི་དངོས་བསྟན་གྱི་སྦྱོར་ལམ་ནི་མཐོང་སྤང་མངོན་གྱུར་གྱི་གཉེན་པོ་འགྲོ་བ་དང་། སྤང་བྱ་ཙམ་ཁས་ལེན་པ་ཆོག་སྟེ། དཔེར་ན་ཆོས་དཀོན་མཆོག་དེ་མཐའ་ཐུག་གི་རྟོགས་པ་ཐོབ་པའི་ཐབས་ཙམ་ཡིན་པས་དེ་ཐོབ་ནས་ཆུ་བརྒལ་ཟིན་པའི་གཟིངས་ལྟར་སྤང་བྱ་ཡིན་པར་བཤད་པ་དང་འགྲོ་ཚུལ་གཅིག་གོ ། དེ་བཞིན་དུ་རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་པས་སྦྱོར་ལམ་རང་ཉིད་ཀྱིས་དངོས་སུ་མངོན་ཞེན་སྤང་བཞིན་པ་བསྟན་ཞིང་། རྣམ་རྟོག་བཞི་པོ་ལྡན་བསྟེན་པ། །ཞེས་པས་རྟོག་པ་ལྡན་པ་གསུངས་པའི་རྒྱན་ཚིག་གཉིས་ལ་འགལ་བ་ཅི་ཡང་མེད་དེ། དངོས་བསྟན་གྱི་སྦྱོར་ལམ་རྟོག་པ་ཡིན་པ་གཞི་བྱས་སྟེང་། གཟུང་འཛིན་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པ་ཞིག་འགྲེལ་དགོས་མོད། སྐབས་དང་པོའི་དངོས་བསྟན་གྱི་རྟོག་པ་མིན་ཏེ། མཐོང་སྤང་རྟོག་པ་མིན་པའི་ཕྱིར་རོ། །རྟོག་པ་ཙམ་ཡིན་པའང་ཀུན་མཁྱེན་གོ་རང་གཉིས་ཆར་གྱིས་བཀའ་འགྲེལ་དུ་རང་བཞིན་མེད་པར་རྟོགས་པའི་དོན་སྤྱིའི་ཚུལ་གྱིས་འཛིན་པའི་བློ་ལ་བཤད་དོ། །གལ་ཏེ་དངོས་བསྟན་གྱི་སྦྱོར་ལམ་མཐོང་སྒོམ་ལམ་གྱི་སྤང་བྱའི་གཙོ་བོ་ཡིན་ན་འཛིན་སྟངས་འགལ་བ་འགྲོ་ཡང་རང་བཞིན་མེད་པའི་རྣམ་པ་ཅན་ཡིན་པས་འཛིན་སྟངས་མཐུན་པའི་ཕྱིར་རོ། །གཉེན་པོ་དེས་སྤང་བྱ་སྤོང་བ་ལ་འཛིན་སྟངས་འགལ་བའི་སྒོ་ནས་བྱ་བ་བྱེད་པའི་ངེས་པ་ནི་མེད་དེ། སྤང་བྱ་ལ། འཛིན་སྟངས་འགལ་བའི་སྒོ་ནས་སྤང་བར་བྱ་བ་དང་། གོམས་པའི་མཐུས་ཞལ་ལས་སྤང་བར་བྱ་བ་གཉིས་ཡོད་པའི་སྟོབས་ཀྱིས་སྦྱོར་ལམ་སྤང་བྱ་ཙམ་གྲུབ་པས་ན་བཀག་ཆ་དང་ཞེན་ཆ་སོ་སོར་ཕྱེ་བའི་གནད་ཞིག་དགོས་པ་ད་བཟོད་རྟོགས་ཡོང་ངོ་། །
ཐེག་ཆེན་གྱི་སྦྱོར་ལམ་དེ་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་ཆོས་བཞིའམ་ལྔ་དང་དྲུག་གི་སྒོ་ནས་ཁྱད་ཞུགས་པར་བརྗོད་པའི་ནང་ཀུན་མཁྱེན་གོ་ཤཱཀ་གཉིས་ཆར་གྱིས་ཐེག་དམན་གྱི་སྦྱོར་ལམ་ནི་དམིགས་པ་བདེན་པ། རྣམ་པ་མི་རྟག་པ་སོགས་བཅུ་དྲུག་ལས་གཞན་མེད་པ། དམིགས་རྣམ་མི་འདྲ་བ་རེ་རེ་སྟོན་པར་གསུངས་ཀྱང་སྒྲ་ཇི་བཞིན་པ་མིན་ཏེ། ཉན་ཐོས་ཀྱི་སྦྱོར་ལམ་གྱིས་མི་རྟག་པ་སོགས་རྟོགས་པས་སྐབས་འདིར་དམིགས་པའི་ཁྱད་པར་ནི་མི་རྟག་པའི་གནས་ལུགས་སམ་ཆོས་ཉིད་ལ་གོ་བ་ངེས་པར་ལེན་དགོས་སོ། །ཡང་སྦྱོར་ལམ་ཡིན་ན་སྐབས་དང་པོའི་དངོས་བསྟན་གྱི་སྦྱོར་ལམ་ཡིན་པ་མ་ངེས་ཏེ། སྦྱོར་ལམ་གྱི་ངོ་བོ་གྱུར་པའི་གཞན་སེམས་ཤེས་པའི་མངོན་ཤེས་དང་། རྗེས་ཐོབ་དང་། རྣལ་འབྱོར་མངོན་སུམ་རྣམས་སྦྱོར་ལམ་དུ་བཞེད་དགིས་པའི་ཕྱིར་རོ། །འོ་ན་རྫོང་ཊཱིཀ་ལས། ཚོགས་སྦྱོར་གྱི་གནས་སྐབས་སུ་གཞན་སེམས་ཤེས་པའི་མངོན་ཤེས་ནི་ལམ་གྱི་ངོ་བོ་སྐྱེ་བ་མ་ཡིན་ནོ། །ཞེས་གསུངས་པ་དང་མི་མཐུན་སྙམ་ན། སྐྱོན་མེད་དེ། དེ་ཀོ་ལྡོག་ཆ་ཕྱེ་བའི་རྣམ་བཞག་ཡིན་ནོ། །ཞིབ་ཆ་དེ་དག་གིས་སྐྱེ་འཕགས་གཉིས་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ལ་ཁྱད་པར་ཤེས་ནུས་ཏེ། སྔ་མས་གཞན་རྒྱུད་ཀྱི་ཤེས་པ་ཙམ་རྟོགས་ཀྱི་རང་ཡུལ་མེད་པས་བདག་མེད་མི་རྟོགས་ལ། ཕྱི་མས་ཆོས་ཐམས་ཅད་རང་བཞིན་མེད་པ་རྟོགས་ཚུལ་འོག་ཏུ་འབྱུང་ངོ་། །

ཐེག་ཆེན་གྱི་མཐོང་ལམ༽

དེ་འདྲའི་སྦྱོར་ལམ་དྲོད་སོགས་བཞི་རིམ་བཞིན་བསྒོམས་ནས་ཆོས་མཆོག་ཐ་མའི་སྐབས་སུ་མཐོང་སྤང་མངོན་གྱུར་བཞི་བཀག་པས་རང་མཐོང་ལམ་གྱུར་ཏེ། རྒྱུད་བླ་མ་ལས། ཇི་ལྟར་སྨྱུག་སོགས་རིམ་སྐྱེ་བས། །ཞེས་སོགས་དང་། མདོ་སྡེ་རྒྱན་ལས། དེ་དག་མེད་པའི་ངོ་བོ་ཉིད། །མཐོང་བས་སྤང་བྱ་རྣམ་ལས་གྲོལ། །དེས་ན་དེ་ཚེ་མཐོང་བའི་ལམ། །ཐོབ་པ་ཞེས་ནི་ངེས་པར་བརྗོད། །ཅེས་ཆོས་མཆོག་རྫོགས་རྗེས་དེ་ནས་བྱང་སེམས་དེས་ནི་ཟག་མེད་ཀྱི་ཡེ་ཤེས་བླ་མེད་ཁྱད་པར་ལྔ་དང་ལྡན་པ་ཐོབ་བོ་ཞེས་གསུངས་པའི་ཕྱིར་རོ། །མཐོང་ལམ་དེ་ཉིད་མངོན་རྟོགས་རྒྱན་གྱི་སྐབས་དང་པོ་ལྔས་བསྟན་པ་དག་ལ་ཕྱི་རབས་ཀྱི་དབུ་མ་པ་འགའ་ཞིག་གིས་མཐོང་ལམ་རྗེས་ཐོབ་མཐོང་ལམ་ཡིན་མིན། རྟག་མི་རྟག །རང་ངོར་གཞན་ངོར་སོགས་ཀྱི་རྣམ་བཞག་བྱས་པ་འདི་ལ་བརྩོན་པར་བྱ་སྟེ། གཙོ་བོ་དགེ་ཕྱོགས་པས་མཐོང་ལམ་རྗེས་ཐོབ་དེ་མཐོང་ལམ་ཞལ་བཞེས་ཀྱང་། ཀུན་མཁྱེན་བླ་མས་ལུང་རིགས་དུ་མས་སུན་ཕྱུང་ནས་ས་དང་པོའི་རྗེས་ཐོབ་སྒོམ་ལམ་ཡིན་ཞིང་། དེར་གནས་པ་ནི་མཐོང་ལམ་པ་བཏགས་དགོས་ཞེས་ཞིབ་ཆ་རྣོན་པོ་ལ་དད་དོ། །མཐོང་ལམ་མཉམ་གཞག་གི་སྐབས་གཉིས་སྣང་ནུབ་པས་སྐྱེ་དགག་དང་བཅས་པ་གང་ཡང་ཡུལ་མི་བྱེད་ལ། སྤྲོས་པའི་ཕྱོགས་སྐྱེ་འགག་བྲལ་བའམ་མི་མཐོང་ཚེ་བློ་རང་མངོན་རྟོགས་གཅིག་གི་བདག་ཉིད་དུ་གྲུབ་པས་ན། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་དང་། རྐྱེན་ལས་སྐྱེ་བའི་དོན་མ་མཐོང་། །ཞེས་སོགས་དང་། ལྟ་བ་ཆོས་དབྱིངས་མཐོང་བའི་ཐ་སྙད་མཛད། །ཅེས་གཞུང་དུ་མས་བསྟན་པ་ལྟར་དེ་སྐད་དུ་བརྗོད་དོ། །
དེ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་སུ་ཕྱེ་བ་ནི་དངོས་གཉེན་དང་ངོས་སྐལ་གྱི་དྲི་མ་ལས་གྲོལ་བའི་བྲལ་ཆ་གཉིས་ཡོད་པའི་རྒྱུ་མཚན་གྱིས་སོ། །རང་ངོར་སྤྲོས་པ་ཅི་ཡང་མེད་པས་རྟག་པ་ལ་འགྲེལ་བ་དང་། གཞན་ངོར་སྐད་ཅིག་བཅུ་དྲུག་བཞག་ཡོད་པས་མི་རྟག་པ་སྨྲ་བ་གཉིས་ལ་འགལ་བ་ཆེར་མེད་ཀྱང་མི་རྟག་པའི་ཕྱོགས་སུ་བསྒྲུབ་ན་བདེན་ཚད་ཆེ་སྟེ། མཐོང་ལམ་གྱི་ངོ་བོ་གྱུར་པའི་གཙོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་མང་པོ་འབྱུང་བ་དང་། རང་ཉིད་སེམས་བསྐྱེད་ཀྱི་རང་བཞིན་ཡིན་པ་དང་། ལམ་བདེན་ཡིན་པས་བདག་མེད་རྟོགས་པའི་ཤེས་རབ་ཡིན་པ་དང་། དེ་ཡང་བྱམས་ཀླུ་དང་ཐོགས་མེད་ཟླ་གྲགས་ཀུན་གྱིས་གནས་ལུགས་ལ་དཔྱད་ཚེ། ཀུན་རྫོབ་བདེན་པས་བསྡུས་པ་དང་། འདུས་བྱས་བསླུ་བའི་ཆོས་ཅན་སྟེང་དུ་བབས་པ་བཞེད་དོ། །གལ་ཏེ་རང་ངོར་བརྗོད་བྲལ་ཡིན་པའི་གནད་འགག་གིས་རྟག་པའི་ཕྱོགས་སུ་འཐེན་ན། སྒོལ་ལམ་ཡང་དེ་ཐལ་བ་དང་། རྗེས་ཐོབ་ཀྱི་ཉེར་ལེན་ཡང་འཇོག་དཀའ་བ་སོགས་མི་ལེགས་པས་རྟག་པ་འདོད་ན་སྤུས་དག་པོ་དེ་ཙམ་འགོལ་ལོ། །འདི་འདྲ་བའི་དམ་བཅའི་ཐད་ཀུན་མཁྱེན་བླ་མས་ཀྱང་རྒྱུད་བླ་མའི་འགྲེལ་པ་དྲངས་ནས་མི་རྟག་པ་དང་། འདུས་བྱས་དང་། རྫུན་པ་དང་། བསླུ་བ་རྣམས་དོན་གཅིག་པར་གསུངས་སོ། །དེ་ལྟ་བུ་མཐོང་ལམ་གྱིས་མཐོང་སྤང་ས་བོན་སྤངས་ནས་དེས་དྲངས་པའི་ངེས་ཤེས་ནི་ཤེས་བྱ་རྣམ་པ་འབྱེད་པའི་ཡེ་ཤེས་སམ་ཡོངས་སྦྱོང་ལ་འཇོག་དགོས་པས་རང་བཞིན་མེད་པའི་རྣམ་པ་ཅན་དང་། མངོན་ཞེན་ཅན་གྱི་བློ་མ་ཡིན་པ་རྟོགས་སླའོ། །གལ་ཏེ་ངེས་ཤེས་དེས་སྤྲོས་བྲལ་རྟོགས་སམ་ཞེ་ན། མི་རྟོགས་ཏེ། གཉིས་སྣང་ཅན་གྱི་བློ་ལ་ཆོས་ཉིད་གྱི་རྣམ་པ་འཆར་རྒྱུ་མེད་པ་དང་། སྟོང་ཉིད་མངོན་སུམ་དུ་མ་རྟོགས་པས་ན་ཀླན་ཀའི་གནས་གང་ཡང་མེད་པ་དང་། མི་རྟག་སྡུག་བསྔལ་སོགས་ཀྱི་རྣམ་པ་ཅན་ཡིན་པ་དང་། རྗེས་ཐོབ་ས་ཡིན་པ་ལ་རྒྱུ་མཚན་བཤད་ཚོད་ཅི་ཡང་མེད་དོ་ཞེས་ཀུན་མཁྱེན་བླ་མའི་གཞུང་ལས་བྱུང་བས་སྒྲུབ་བྱེད་མཆོག་ཡིན་ནོ། །ལྷག་པར་དུ་དབུ་མ་ཐལ་འགྱུར་པའི་རང་ལུགས་ཀྱི་ཚད་མ་ཡིན་ན། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་མཉམ་བཞག་ཡེ་ཤེས་ཡིན་པས་ཁྱབ་པ་ལ་བསམ་ན་རྗེས་ཐོབ་ཀྱིས་སྟོང་ཉིད་ཀྱི་ངོ་བོ་གྱུར་པའི་སྤྲོས་བྲལ་རྟོགས་ཨང་སྙམ་པའི་དོགས་པ་མི་དགོས་སོ། །
འོ་ན་ཀུན་མཁྱེན་བླ་མས་ཕར་ཕྱིན་བཀའ་འགྲེལ་དུ་སྤྲོས་བྲལ་གྱི་རྣམ་པ་ཅན་དུ་གསུངས་པ་དང་མི་འགལ་ལམ་ཟེེར་ན། མི་འགལ་ཏེ། དེ་ནི་མཉམ་བཞག་དང་རྟོགས་པ་མཐུན་པའམ་རྟོགས་ཟིན་ངེས་པ་ལ་ཁ་གཏད་ནས་ཞིབ་ཆ་བྱས་པ་ཡིན་ནོ། །ཐལ་འགྱུར་པའི་དབུ་ཤེར་གྱི་གཞུང་ལུགས་རྣམས་ལས་རྗེས་ཐོབ་ཀྱིས་བདེན་པ་སྐྱེ་མེད་དང་། སྟོང་ཉིད་དང་། རང་བཞིན་མེད་པ་དང་། ཆོས་ཀྱི་བདག་མེད་རྟོགས་པ་དང་ལམ་ཤེས་ཡིན་པ་བྱུང་ཡང་། སྤྲོས་བྲལ་རྟོགས་པའི་གཞུང་ཚིག་གཅིག་ཀྱང་མ་སྣང་བས། དེའི་ཕྱིར་རྗེས་ཐོབ་ཡེ་ཤེས་ཡིན་ན་བདག་མེད་རྟོགས་པས་ཁྱབ། སྤྲོས་བྲལ་མི་རྟོགས་པས་ཁྱབ། སྟོང་ཉིད་ལ་བདེན་པས་སྟོང་ཉིད་སྟོང་ཉིད་དང་། མཐའ་བཞི་ཆར་གྱི་སྤྲོས་པས་སྟོང་པ་ལ་སྟོང་ཉིད་ཀྱི་ཐ་སྙད་མཛད་པ་གཉིས་ཡོད་པའི་ནང་ཕྱི་མ་མ་རྟོགས་པ་སོགས་གཞུང་དང་མཐུན་པའི་རྣམ་དབྱེ་ངེས་ན་རྨ་མེད་པའི་དཔྱད་གཏམ་གྱི་གྲས་ལ་ཁད་བསམ་གྱི། གཞན་འཛིན་སྟངས་གཙོ་མི་གཙོ་སོགས་ལ་གོ་བ་ལེན་ན་ནི་ལུང་རིགས་ཀྱི་རྒྱབ་རྟེན་གང་ཡང་མེད་དོ། །

ཐེན་ཆེན་གྱི་སྒོམ་ལམ༽

མཐོང་ལམ་གྱིས་ཡིན་ཚུལ་མངོན་སུམ་དུ་མཁྱེན་ནས་ཆོས་ཉིད་རིགས་རྒྱུན་གོམས་པར་བྱེད་པའི་སྒོམ་པའི་ལམ་ཞིག་ཏུ་གནས་གྱུར་ཚེ་སྒོམ་ལམ་ཞེས་རྒྱན་གཉིས་ལས་ལན་དུ་མར་བསྟན་པ་ཉིད། རྒྱ་བོད་ཀྱི་མཁན་པོ་དག་གིས་དབྱེ་བའི་ཐ་སྙད་འབེལ་པོ་བཏགས་ཀྱང་། དེང་སང་བློ་འཁེལ་བྱེད་ས་ནི་འཕགས་སེང་གི་དབྱེ་བ་དེ་ཉིད་ཡིན་ལ། རྒྱུ་མཚན་ནི་ཅིག་ཤོས་འཕགས་པ་དང་ཅིག་ཤོས་བླ་མའི་བྱིན་རླབས་ཐིང་ཡོད་པར་གསལ། འཕགས་སེང་གཉིས་ཀྱིས་སྒོམ་ལམ་གཉིས་གཙོ་བོ་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་དང་། མཉམ་བཞག་ཡེ་ཤེས་ཀྱི་ཚོགས་ཀྱི་ལྡོག་པ་ནས་འཆད་པ་གཉིས་ལ་ཟག་བཅས་དང་ཟག་མེད་བརྗོད་པ་ནི། གཟུང་འཛིན་ཐ་དད་པའི་རྣམ་པ་ཅན་གྱི་ཤེས་སྒྲིབ་ཀྱི་རྣམ་རྟོག་དང་བཅས་མ་བཅས་པ་ལ་བལྟས་པ་ཡིན་ནོ། །འདིར་མཉམ་བཞག་ན་རྟོག་པ་དང་བཅས་པ་མེད་ཀྱང་སྤངས་པ་མ་ཡིན་པ་དང་། དངོས་བསྟན་གྱི་སྒོམ་ལམ་ལ་དགུ་གྲངས་ངེས་ཀྱང་སྤྱིར་སྒོམ་ལམ་ལ་མ་ངེས་པ་དང་། སྒོམ་ལམ་གྱིས་ཐེག་དམན་གྱི་རྟོགས་རིགས་སྒོམ་ཡང་རྒྱུན་ལྡན་དུ་མི་སྒོམ་པའི་རྣམ་གཞག་མ་བྱས་ན་གཞུང་དང་འགྲིག་དཀའ་འོ། །ཐལ་རང་གང་གི་ལུགས་སུ་སྒོམ་ལམ་རྗེས་ཐོབ་ཡིན་ན་ཟག་མེད་སྒོམ་ལམ་ཡིན་པས་ཁྱབ་མཐའ་ཡོད་དེ། ལྷག་པར་དུ་ཀུན་མཁྱེན་རང་སྟོན་པས། སྒོམ་ལམ་རང་ཟག་མེད་ཡེ་ཤེས་ཡིན་ནོ་ཞེས་གསུངས་སོ། །སྒོམ་ལམ་དེ་མཐར་ཐུག་པ་ན་སྐད་ཅིག་མའི་སྦྱོར་བའམ་རྒྱུན་མཐའ་ཡེ་ཤེས་ལ་བཞག་སྟེ། སྐད་ཅིག་མ་གཅིག་པར་བྱང་ཆུབ་པའི་སྦྱོར་བ་ནི་སྐད་ཅིག་མ་གཅིག་ཁོ་ན་ཟད་དོ་ཞེས་པ་ནི་མ་ཡིན་པའི་ཚུལ་ཀུན་མཁྱེན་རང་སྟོན་གྱི་དཀའ་འགྲེལ་གནད་ཀྱི་ཟླ་འོད་ལས་རྒྱས་པར་བྱུང་བས་བལྟ་བར་བྱའོ། །
ཐེག་པ་སོ་སོའི་ལམ་ལྔའི་རིམ་པ་མཐར་ཕྱིན་ཚེ། འབྲས་བུ་དག་པ་གཟུགས་ལ་སོགས། ཞེས་སོགས་ཀྱིས་འཕགས་བཞིའི་རྣམ་དག་ཐོབ་པ་བརྗོད་ནས་སངས་རྒྱས་ཀྱི་རྣམ་དག་ཡིན་ཅེས་ཁྱད་པར་བཞག་སྟེ། སྒྲིབ་པ་མ་ལུས་པ་སྤངས་པའི་ཟག་མེད་ཀྱི་བདག་ཉིད་ཕྱིར་རོ། །དེ་བཞིན་དུ་རྣམ་དག་ཤིན་ཏུ་བ་འདི་ལ་ངོ་བོའི་སྒོ་ནས་འདུས་བྱས་རྣམ་གྲོལ་ལམ་དང་། འདུས་མ་བྱས་སོ་སོར་བརྟགས་འགོག་གཉིས་སུ་ཕྱེ་བའི་སྔ་མ་ནི་འདུས་བྱས་མ་ཡིན་ཡང་འདུས་བྱས་ཀྱི་མིང་གིས་བཏགས་ཏེ། ཀུན་གཞི་རྣམ་ཤེས་དང་། ཉོན་ཡིད་དང་། ཡིད་ཀྱི་རྣམ་ཤེས་དང་། སྒོ་ལྔ་རྣམ་ཤེས་མཐར་ཡེ་ཤེས་བཞི་ལ་རིམ་བཞིན་གནས་གྱུར་པའི་དབང་དུ་བྱས་ནས་དེ་སྐད་བཏགས་སོ། །འདི་ལ་ཀུན་མཁྱེན་གོ་རམས་པས་སངས་རྒྱས་ཡེ་ཤེས་རྟག་པ་འདོད་པ་ལ་རང་ངོར་གཞན་ངོར་གྱི་རྣམ་བཞག་གང་ཡང་མི་དགོས་སེམས་ཏེ། ཁོང་གིས་འདོད་ཐོག་ཏུ་བྱའོ་ཞེས་པའི་རྟག་པ་དེ་བྱམས་གཞུང་ནས་བཤད་པའི་རྟག་པ་དེ་ག་རང་ཡིན་ཞིང་། མགོན་པོ་བྱམས་པས་གསུངས་པའི་རྟག་པ་དེ། རྒྱུན་མི་འཆད་པ་དང་། ཁྱབ་པ་དང་། མི་ཟད་པ་སོགས་ལ་གནས་གྱུར་པ་ངོས་བཟུང་ནས་ཡེ་ཤེས་ཉིད་གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པར་སྨྲ་སྟེ། རྒྱུད་བླ་མ་ལས། ཆགས་མེད་ཐོགས་པ་མེད་པའི་ཕྱིར། །ཡེ་ཤེས་ཁྱབ་པ་ཉིད་དུ་འདོད། །ཅེས་སོགས་སོ། །དེ་མིན་བྱ་བྱེད་འགལ་བ་ཞིག་དང་། ཡེ་ནས་འགྱུར་བ་མེད་པའམ་སྐད་ཅིག་མ་ཡིན་པའི་ཆ་ནས་རྟག་པ་ཞེས་པ་ལུགས་འདིར་མི་བཞག་གོ །གལ་ཏེ་ལམ་བདེན་མིན་པ་ཐལ་བའི་སྐྱོན་ཡོད་དོ་ཞེ་ན། མེད་དེ། རྒྱུད་བླ་མ་དང་དེའི་འགྲེལ་པ་ཡང་འགྲེལ་དང་བཅས་པས་ལམ་བདེན་མི་རྟག་པ་བཤད་པ་ནི་སངས་རྒྱས་འཕགས་པ་ལས་གཞན་པའི་འཕགས་པ་འོག་མའི་ལམ་བདེན་ལ་དགོངས་པ་དང་། པཎ་ཆེན་ངག་ཆོས་ཀྱིས་མི་རྟག་པའི་ཕྱོགས་སུ་བསྒྲུབས་པ་ཡང་གཞན་ངོར་ཁས་ལེན་དབང་དུ་བྱས་པའི་རྣམ་གཞག་ཡིན་པས་འགལ་ཕུང་ཅི་ཡང་མི་གནས་སོ། །ཡང་བསྒོས་སུ་ཡུམ་དོན་རབ་གསལ་ནང་རྣམ་མཁྱེན་རང་མཐར་ཐུག་གི་སྐྱབས་གནས་བཞག་པས་མི་རྟག་པ་ཁས་མི་ལེན་ན་མཛེས་སོ། །

སྐུ་ཡི་མདོར་བསྡུས༽

འདུས་མ་བྱས་སོ་སོར་བཏགས་འགོག་ནི། མྱང་འདས་སམ་ངོ་བི་ཉིད་ཀྱི་སྐུ་འམ་སངས་རྒྱས་མཚན་ཉིད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་ཉིད་དུ་ནི་སངས་རྒྱས་འདོད། །ཅེས་དང་། རྒྱུད་བླ་མ་ལས། སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། ཅེས་སོགས་གསུངས་པའི་ཕྱིར་རོ། །བྱམས་གཞུང་ནང་དེ་ལ་སྐུ་གསུམ་དབྱེ་མཛད་པ་དང་། ལོངས་སྤྲུལ་གཉིས་གཞི་མཐུན་མི་འཐད་པ་དང་། ལོངས་སྐུ་དེ་ངེས་པ་གསུམ་ལྡན་བྱས་ཀྱང་། བོད་ཀྱི་མཁས་པ་རྣམས་ཀྱིས་ངེས་པ་ལྔ་ལྡན་གྱི་ཐ་སྙད་བཏགས་པའོ། །གང་ལྟར་མཐར་སངས་རྒྱས་རང་གིས་གནས་ལུགས་འཆད་པའི་ཚེ་གཟུགས་སྐུ་གཉིས་ཡེ་ཤེས་ཕྱི་མ་གསུམ་ལ་བཞག་པས། ཁོ་བོས་ཀྱང་སྐུ་མཚན་ཉིད་ངོ་བོ་ཉིད་སྐུ་ལ་མི་གཞག་པ་མེ་ལོང་ཡེ་ཤེས་ལ་བཞག་གོ །མདོར་ན་ནང་བསྟན་རིག་གཞུང་གང་དང་གང་ཡིན་ན་འདྲ། དམིགས་བསལ་བྱམས་གཞུང་གི་སྐབས། སྤྱི་བསྟན་དང་། དངོས་བསྟན། ཤུགས་བསྟན་དང་བྱེ་བྲག །བརྗོད་བྱའི་གཙོ་བོའི་རྣམ་དབྱེ་དག་ངེས་པར་མ་ཐོན་ན་ཚིག་དོན་འགལ་བ་འབེལ་པོ་ཡོང་བས་དུས་དང་རྣམ་པ་ཐམས་ཅད་དུ་ཞིབ་ཆ་ནི་ཧ་ཅང་གཅེས་སོ། །
ཞེས་མ་འོངས་པའི་སངས་རྒྱས་རྒྱལ་བ་བྱམས་པའི་ཆོར་འཁོར་ལ་བརྟགས་ཏེ་འབེལ་གཏམ་ཅུང་ཙམ་སྦྲོན་པ་འདི་ནི། འཛིང་སྟག་མོ་དགོན་གྱི་སློབ་གཉེར་བ་འོད་གསལ་རྡོ་རྗེས་དུས་ཁྱད་པར་ཅན་དང་བསྟུན་ནས་བྲིས་པས་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་བདེ་འབྱུང་བའི་རྒྱུ་གྱུར་ཅིག་གུ། ། ། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*