ལམ་ཞོར་ཕྲན་ཚེགས་ཀྱི་སྙན་དངགས།


དཀའ་བའི་གནད་ལ་དོགས་འདྲི་སོགས།།
མཁས་པའི་ཉམས་ཀྱི་སྙན་དངགས་དང་།།
སྤྱི་ཚོགས་ཤུལ་རྙིང་ལོ་རྒྱུས་བཅས།།
སྣ་ཚོགས་བགྲོ་གླེང་ཏྲེ་རྩོམ་གླིང་།།
འདས་སོང་ལོ་ཟླ་ཉིན་ཞག་བརྒྱུད།།
བྱིས་པའི་ངག་ནས་སྙན་དངགས་སྦྱོངས།།
དར་མས་ལོ་ཚིགས་གནད་ལ་གོམས།།
དགའ་དད་སྤྲོ་གསུམ་དུས་ལ་ངོམས།།
ང་མཁས་གཞན་ལ་ཀླན་ཀ་དང་།།
དགོས་མེད་རྩོད་རྒྱག་སྙད་དཀྲིས་སོགས།།
གཉའ་གནོན་བཤུ་གཞོག་འདོགས་པ་བཅས།།
ཏྲེ་རྩོམ་གླིང་འདིར་གདོད་ནས་མེད།།
དེང་སང་ཏྲེ་རྩོམ་འཕྲིན་གླིང་ལ།།
མཁས་ཉམས་དགའ་བའི་མི་བུ་དང་།།
ཀླན་ཀ་འཚོལ་བའི་གསར་སྐྱེས་བཅས།།
རང་ཚུགས་ཐུབ་ན་དགེ་མཚན་མཐོང་།།
རང་ཆེ་རང་མཐོ་དྲེགས་པ་དང་།།
མཁས་མིན་མཁས་མདོག་སྟོན་པ་སོགས།།
གཞན་ལ་མཐོང་ཆུང་ཁྱད་གསོད་བྱས།།
ཐོས་རྟོགས་མེད་པའི་རང་མཚང་མངོན།།
གཞུང་དོན་གནད་བཀར་དོགས་འདྲིའི་སྐབས།།
ལན་འཇལ་མེད་པར་ཁྲོ་གཉེར་འདོན།།
མཚམས་རེར་འགལ་འཛོལ་ཉེས་མཚང་སྐབས།།
མི་འདོད་ཚིག་གིས་མདའ་མོ་འཕེན།།
མཁས་པའི་རང་ཚུགས་ཤོར་བ་དང་།།
བླུན་པོས་རང་མཚང་སྟོན་པ་བཅས།།
རང་ས་གཅིག་པའི་ཏྲེ་རྩོམ་གླིང་།།
ཡེ་ནས་དགོས་གལ་མ་མཐོང་ཞིག།
ཐམས་ཅད་མཁྱེན་པའི་ཞལ་སྔ་ནས།།
ལོ་ཟླ་སློབ་སྦྱོང་བྱེད་པ་དེས།།
རང་སེམས་དབང་དུ་འདུས་པ་དང་།།
ཉམས་རྟོགས་གྲུབ་འབྲས་གོང་འཕེལ་ལས།།
གཞན་ལ་མཐོང་ཆུང་ཁྱད་གསོད་དང་།།
ང་རྒྱལ་མཁས་དྲེགས་ཆེ་རུ་དུ།།
སོང་ན་སློབ་སྦྱོང་བྱེད་པ་ལས།།
མ་བྱེད་མ་ཤེས་ཡག་ཤོས་ཤིག།
དུས་ནས་དུས་སུ་བཀའ་སློབ་དང་།།
བསླབ་བྱའི་གདམས་ངག་སློབ་ཚོགས་ལ།།
ཀུན་མཁྱེན་ཕྱག་ན་པདྨོ་ཡིས།།
ཞལ་གསུངས་སྙིང་ལ་ཐིམ་པར་མཛོད།།
གོ་ན་སྙན་ཚིག་བུ་རམ་ཡིན།།
མ་གོ་སྙན་དངགས་དུག་མདའ་ཡིན།།
མཁས་མདོག་སྙན་དངགས་ཉམས་འདིར་མེད།།
བླུན་པོས་རང་སྐད་ཤོར་ན་མེད།།
ལོ་མང་འཕགས་བོད་གཞུང་ལུགས་ལ།།
ཐོས་བསམ་བྱེད་པའི་སྐལ་བཟང་དང་།།
མཁས་བརྒྱའི་ཞལ་ནས་མན་ངག་བཅས།།
ཧུབ་གང་འཐུངས་པའི་གདོང་མཁན་པ།།
དུས་བྲེལ་མེད་པའི་ཉིན་མོ་ལ།།
ཏྲེ་རྩོམ་གླིང་ལ་སྙན་ཚིག་བྲིས།།
སྤྱི་སྒེར་ལས་དོན་བྲེལ་པའི་སྐབས།།
མཆེད་གྲོགས་སྙན་དངགས་རྒྱང་ནས་བལྟས།།
མཇལ་དང་མ་མཇལ་ཏྲེ་རིགས་ཚོ།།
སྙན་དངགས་བཟང་ངན་ཅི་འདྲ་ཡང་།།
ལྐོག་ཏུ་སྨད་ཅིང་འཕྱ་བ་དང་།།
མདུན་དུ་ཚིག་འཇམ་སྨྲ་བ་ལ།།
རང་བསྟོད་གཞན་སྨད་མཁས་རློམ་དང་།།
ཚིག་གིས་དུག་མདའ་འཐེན་བ་སོགས།།
ངོ་ལྐོག་སྦྱོར་བ་བྱེད་པ་བཅས།།
ཁོ་བོ་གདོང་མཁན་གཤིས་འདི་མེད།།
དེ་རིང་སུག་བྲིས་སྙན་དངགས་ཡང་།།
འགྲིམ་འགྲུལ་རླངས་འཁོར་བཟོ་ཞོར་དུ།།
ངལ་གསོ་རྐུབ་བཀྱག་གཅིག་གི་སྟེང་།།
མགྲིན་ལག་ཟུང་གིས་བགྱི་བར་བྱས།།

གདོང་མཁན་པས་གྷ་གྷ་རླངས་འཁོར་བཟོ་གྲྭའི་སྒོ་ནས་གང་དྲན་བྲིས།
༢༠༡༨/༡༠/༢༢/༢/༢༢ ཟླ་དུས་ཚེས་གྲངས་ཀྱི་གྲངས་སྦྱོར་འདི་ཡང་མཁས་དབང་གི་ལུགས་ལྟར་བྲིས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*