༧ སྐྱབས་རྗེ་ཀླུ་སྡིངས་མཁན་ཆེན་མཆོག་གི་འཁྲུངས་སྐར་བསུ།

༧ སྐྱབས་རྗེ་ཀླུ་སྡིངས་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་གི་འཁྲུངས་སྐར་བསུ།  

            སློབ་འབངས་མཁན་མིང་ཙམ་འཛིན་པ་ཀཿ བྲག་དངོས་གྲུབ་བསོད་ནམས་པས། 

མཁྱེན་པའི་ཡེ་ཤེས་འོད་ཀྱིས་མུན་པ་སེལ།།

བརྩེ་ཆེན་ཟླ་འོད་ཀུན་ཁྱབ་དཔལ་འབར་ཅན།།

བསྟན་པའི་བདག་པོ་ངུར་སྨྲིག་རྒྱལ་མཚན་པ།།

འཇམ་དབྱངས་བསྟན་པའི་ཉི་མའི་ཞབས་ལ་འདུད།།

ཐུབ་བསྟན་བསླབ་གསུམ་རྣམ་པར་དག་པའི་དབྱངས།།

ལེགས་གསུངས་འདུལ་བའི་བསྟན་པའི་བདག་ཉིད་ཅན།།

ངུར་སྨྲིག་ཆོས་ཀྱི་རྒྱལ་མཚན་བ་དན་གཡོ།།

འདུལ་འཛིན་བྱེ་བའི་གཙུག་རྒྱན་ངང་ཚུལ་ཉིད།།

དུས་གསུམ་འགྲོ་ལ་སྙིང་རྗེ་བདག་ཉིད་ཅན།།

རབ་འབྱམས་མདོ་སྔགས་སྨྲ་བའི་དབང་ཕྱུག་མཆོག།

སྙིགས་དུས་འགྲོ་བའི་མགོན་པོ་དཔལ་མངའ་ཉིད།།

བརྩེ་ཆེན་འོད་དཀར་འཛིན་པ་ཁྱེད་ཉིད་ཙམ།།

འགྲོ་བའི་མགོན་པོ་དམིགས་མེད་བརྩེ་ཆེན་ཡིས།།

སྙིགས་དུས་མགོན་མེད་འགྲོ་ལ་རབ་དགོངས་ཏེ།།

བསྐལ་པ་མཐའ་ཡས་གྲངས་མེད་བཞུགས་མཛད་ནས།།

བླ་མེད་ཐེག་མཆོག་ཆོས་སྟོན་རྟག་ཏུ་མཛད།།

དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་།།

རྨད་བྱུང་འཕྲིན་ལས་འོད་དཀར་ཕྱོགས་ཀུན་ཁྱབ།།

མཁའ་མཉམ་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས།

མཐའ་མེད་བསྐལ་པའི་བར་དུ་བཞུགས་སུ་གསོལ།།

དེ་ལྟར་བཅོས་མིན་བསྟོད་ཚིག་དགེ་བ་དེས།།

འགྲོ་བའི་དཔལ་མགོན་འཇམ་དཔལ་གཞོན་ནུ་པ།།

དཔལ་ལྡན་བླ་མའི་ཞབས་པད་བརྟན་པ་དང་།།

ཐུགས་ཀྱི་བཞེད་དགོངས་ཅི་མཆིས་འགྲུབ་པར་ཤོག།།

དཔལ་ལྡན་བླ་མའི་མཚན་ཙམ་ཐོས་གྱུར་ན།།

བྱིན་རླབས་འོད་དཀར་སྒོ་གསུམ་འཇུག་གྱུར་ཅིང་།།

ས་དཀར་ཐུབ་བསྟན་བྱང་ཆུབ་དཔལ་སྟེར་ནས།།

ཐུབ་བསྟན་གངས་རི་སྐྱོང་བའི་རྗེས་འཛིན་ཤོག།

 ༢༠༡༨/༡༠/༢༣ ཉིན་གདོང་མཁན་པས་ས་མཆོད་དང་འཁྲུངས་སྐར་བསུ།  

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*