ཇ་མཆོད་འཆི་མེད་དཔལ་སྟེར་མ།

ཆོས་སྤྱོད་དཀར་ཆག

༈ །འཆི་མེད་དཔལ་སྟེར་ཡིད་འོང་རྒྱ་ཇ་འདིས། །མཚོན་པས་དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་གྱིས། །སྲིད་གསུམ་བཀང་སྟེ་འཁོར་བ་ཇི་སྲིད་བར། །རྒྱུན་མི་ཆད་པར་མཆོད་ཡུལ་ཐམས་ཅད་ལ། །གུས་པས་འབུལ་ལོ་འཁོར་འདས་མ་ལུས་པའི། །སྤྱན་ལམ་འབྱུང་ཞིང་དགེས་རབ་མཆོག་གྱུར་ནས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པའི། །སྒྲིབ་བྱང་ཚོགས་རྫོགས་བསམ་དོན་ཀུན་འགྲུབ་ཤོག །དེ་ལྟའི་ཀུན་བཟང་མཆོད་སྤྲིན་བླ་མེད་འདིས། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་མཆོད། །འཕགས་ཡུལ་མཛེས་པའི་པཎ་གྲུབ་ཇི་སྙེད་མཆོད། །བོད་ཀྱི་སྤྲུལ་པའི་རྒྱལ་བློན་ཚོགས་རྣམས་མཆོད། །བཀའ་དྲིན་ཆེ་བའི་མེས་དབོན་རྣམ་གསུམ་མཆོད། །ཁྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་མཆོད། །མཆོད་གནས་མཁན་སློབ་ཉི་ཟླ་རྣམ་གཉིས་མཆོད། །བཀའ་དྲིན་མཉམ་མེད་པདྨ་འབྱུང་གནས་མཆོད། །སྒྲ་སྒྱུར་རྒྱལ་པོ་བཻ་རོ་ཙ་ན་མཆོད། །སྐད་གཉིས་སྨྲ་བ་ཀ་ཅོག་ཞང་གསུམ་མཆོད། །འཇིག་རྟེན་མིག་གྱུར་ལོ་པཎ་ཐམས་ཅད་མཆོད། །བསྟན་པ་རིས་མེད་བསྟན་འཛིན་ཐམས་ཅད་མཆོད། །སྒྲུབ་བརྒྱུད་འཛིན་པའི་གྲུབ་དབང་ཐམས་ཅད་མཆོད། །བཤད་བརྒྱུད་འཛིན་པའི་མཁས་དབང་དེ་དག་མཆོད། །ཡོངས་རྫོགས་བསྟན་པའི་བདག་པོ་ས་སྐྱ་པ། །གོང་མ་རྣམ་ལྔ་བརྒྱུད་པར་བཅས་རྣམས་མཆོད། །སྙིགས་མའི་དུས་འདིར་བསྟན་པའི་གསལ་བྱེད་མཆོག །སྔགས་འཆང་བླ་མ་ཀུན་དགའ་རིན་ཆེན་མཆོད། །གང་གི་ཐུགས་སྲས་འཇམ་དབྱངས་སྐུ་མཆེད་མཆོད། །དངོས་གྲུབ་སྩོལ་མཛད་ཡི་དམ་ཞི་ཁྲོ་མཆོད། །བསྟན་སྲུང་གཙོ་བོ་གུར་ཞལ་འཁོར་བཅས་མཆོད། །ཁམས་གསུམ་སྲོག་བདག་པུ་ཊ་མིང་སྲིང་མཆོད། །བསམ་ཡས་ལ་སོགས་བོད་ཀྱི་གཙུག་ལག་ཁང་། །ཀུན་གྱི་དཀོར་སྲུང་བསྟན་དང་བསྟན་འཛིན་རྣམས། །བུ་བཞིན་སྐྱོང་བར་པདྨས་བཀའ་བསྒོས་པའི། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་འཕྲིན་ལས་ཀྱི། །མགོན་པོ་དམར་པོ་རྣལ་འབྱོར་སྙིང་གི་གྲོགས། །མཐུ་སྟོབས་ཐོགས་མེད་གནོད་སྦྱིན་འཁོར་བཅས་མཆོད། །དགོས་འདོད་ཀུན་སྩོལ་ནོར་སྦྱིན་ཕོ་མོ་མཆོད། །དེ་ལྟར་མཆོད་སོགས་དུས་གསུམ་དགེ་བའི་མཐུས། །བདག་ཅག་དཔོན་སློབ་དུས་འདིར་ཚེ་མཐར་ཕྱིན། །བསམ་དོན་ཀུན་འགྲུབ་བསྟན་པ་ཆེར་རྒྱས་ནས། །འཕྲིན་ལས་རྒྱ་མཚོའི་གོས་ཅན་ཁྱབ་པ་དང་། །ཕྱི་མ་ལྷན་ཅིག་དག་པའི་ཞིང་འཛོམས་ནས། །སྤྲུལ་པའི་བསྟན་པ་སྲིད་མཐར་སྤེལ་བ་སོགས། །ཅི་བསམ་ཆོས་བཞིན་འགྲུབ་པའི་དགེ་ལེགས་སྩོལ།།

 

Be the first to comment

Leave a Reply

Your email address will not be published.


*