སྡོམ་བརྩོན་དམ་པའམ་་མཚན་རི་མོའི་བསྟོད་ཚིག་བཞུགས།
ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་མཆོག
ཨོཾ་སྭ་སྟི་སིདྡྷཾ། སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །བདེ་བར་བཤེགས་པའི་རིང་ལུགས་བླ་ན་མེད། །ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བ་བློ་གྲོས་གསལ་ལྡན་པ། །དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། །མི་ཡི་དབང་པོ་ཆོས་བཞིན་ས་སྐྱོང་བ། །རྣམ་དཔྱོད་བློ་ཅན་དེས་པས་འགྲོ་བ་འདུལ། །དཔའ་མཛངས་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ། །སྐྱེ་རྒུ་འདི་དག་བུ་བཞིན་ལེགས་པར་བསྐྱངས། །བདག་ཀྱང་སྔོན་སྦྱངས་ལས་ཀྱི་འཕེན་པ་ཡིས། །སྙིགས་མའི་དུས་སུ་གངས་རིའི་ཁྲོད་འདིར་སྐྱེས། །འོན་ཀྱང་ཚེ་རབས་སྔ་མའི་བསོད་ནམས་མཐུས། །ཤེས་བྱ་ཕལ་ཆེར་འབད་པ་ཆུང་ངུས་ཤེས། །རྩོད་དུས་འདི་ན་མཁས་པར་ཁས་འཆེ་ཞིང་། །ལན་བརྒྱར་འཆད་དང་ཉན་ལ་མངོན་བརྩོན་པ། །དེ་དག་གིས་ཀྱང་ཤེས་བྱའི་གནས་རྣམས་ལ། །རྣམ་པར་དཔྱད་ན་ཕྱོགས་རེའི་མིག་ཅན་ཡིན། །འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་གྱི་རི་མོ་འདི།གཙུག་ལག་ཁང་ལ་ཕན་པའི་རྟེན་འབྲེལ་ཞིག་ཡོད་པས། དཔལ་ས་སྐྱ་པཎྜི་ཏས་བྲིས་པ་ཡིན།ཅུང་ཟད་རི་མོ་མ་མཛེས་ཀྱང་། མཚན་མོར་བྲིས་པ་དང་། པིར་ལ་སོགས་པ་མ་འཛོམ་པས་ལན་པ་ལགས། འོན་ཀྱང་བཀྲ་ཤིས་པའི་རྟེན་འབྲེལ་ཞིག་ཡོད། ཅེས་པའི་ཡི་གེ་འདི་དང་། ཕྱག་མཚན་འདི་བསམ་ཡས་ཀྱི་འཁོར་ས་བར་པའི་གཡས་ཕྱོགས་ན་བཞུགས་པ་ལགས།བཀྲ་ཤིས་པར་གྱུར་ཅིག། །།
༄༅།།ཕྱག་མཚན་རི་མོའི་བསྟོད་ཚིག་(ལུའཇམ་དབྱངས་ཀྱི་ཕྱག་མཚན་རི་མོའི་བསྟོད་པ་བསྡུས་དོན་འཕགས་པས་མཛད་པ་)བཞུགས།།
༄༅།།(ཞལུ+་ཨོཾ་སྭ་སྟི་སིདྡྷཾ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྟོན་པ་ས་གསུམ་སྙན་པར་གྲགས། །འགྲོ་བའི་སྒྲོན་མ་དཀོན་མཆོག་རིན་ཆེན་གཏེར། །མཁས་པ་འདུས་པའི་ཚོགས་སུ་གསལ་མཛད་པ། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །མི་ཤེས་རབ་རིབ་སེལ་བའི་བློ་མིག་ཅན། །ལོག་ལྟའི་དྲ་བ་སྟོང་གིས་དཀྲིས་པའི་ས། །ཀླ་ཀློ་འདུས་པ་གངས་རིའི་ཁྲོད་འདིར་སྔོན། །རིང་ཞིག་ལོན་ནས་ཐུབ་པའི་བསྟན་པ་གསལ། །རྒྱལ་བའི་སྲས་པོ་ཐུགས་རྗེའི་བློ་གྲོས་ཅན། །སྤྱོད་པ་དག་པ་སྨོན་ལམ་ལེགས་སྦྱངས་པ། །ཕྲིན་ལས་སྒྲུབ་པ་བརྩོན་པའི་བརྟུལ་ཞུགས་ཅན། །ལྷ་དབང་ཚོགས་ཀྱིས་དཔག་བསམ་ཤིང་འདྲ་བ། །གང་ལ་འཇམ་པའི་དབྱངས་ཀྱིས་རྗེས་བཟུང་བའི། །ཆོས་ཀྱི་རྒྱལ་པོ་ས་ཆེན་སྐྱོང་བ་པོ། །རྣམ་དཔྱོད་བློ་ཅན་དེས་པས་འགྲོ་བ་འདུལ། །ཁྱོད་ཀྱི་ཕྲིན་ལས་བསམ་ཡས་ལྷུན་གྱིས་གྲུབ། །)སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །བདེ་བར་བཤེགས་པའི་རིང་ལུགས་བླ་ན་མེད། །ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བ་བློ་གྲོས་གསལ་ལྡན་པ། །(ཞལུ–བློ་གྲོས་གསལ་ལྡན་པ། །)དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། །མི་ཡི་དབང་པོ་ཆོས་བཞིན་ས་སྐྱོང་བ། །རྣམ་དཔྱོད་བློ་ཅན་དེས་པས་འགྲོ་བ་འདུལ། །དཔའ་མཛངས་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ། །སྐྱེ་རྒུ་འདི་དག་བུ་བཞིན་ལེགས་པར་བསྐྱངས། །(ཞ–དེ་དག་་་་་་་པར་བསྐྱངས། །ཞལུ+འགྲོ་བའི་མིག་གྱུར་པས། །དོན་སྒྲ་ཇི་བཞིན་ལེགས་པར་བསྒྱུར་བ་ཡི། །བཤད་པས་ཐུབ་པའི་བསྟན་པ་གསལ་བར་འཛད། །དེ་ལྟའི་རྣམ་ཐར་མཆོག་ཏུ་རྨད་བྱུང་བ། །ས་སྟེང་རྒྱས་པ་ཀུན་ཏུ་རབ་གྲགས་པའི། །སྒོ་གསུམ་གཡོ་བ་མེད་པའི་ཕྲིན་ལས་ཅན། །མ་སྨད་ཆེ་བའི་བདག་ཅན་དེ་དག་ལ། །ཀུན་དའི་ཕྲེང་ལྟར་སོ་ཡི་ཟེལ་འབྲུ་ཅན། །པད་ལྟར་ཡངས་པའི་མིག་གི་འདབ་རྒྱས་པ། །སྙན་ངག་སྦྲང་རྩིའི་དྲི་ངས་ཕྱོགས་བཅུར་ཁྱབ། །དཔལ་ལྡན་མེ་ཏོག་རྒྱས་པའི་ཚིག་མཁན་གྱིས། །ཚིག་བཟང་མེ་ཏོག་སིལ་མ་རབ་བཀོད་པ། །སྡེབ་སྦྱོར་མདུད་པས་ཚོམ་བུར་ལེགས་བསྡམས་ཏེ། །ཡི་གེའི་རྒྱན་གྱི་ཐོར་ཅོག་ཡིད་འཕྲོག་པ། །སྙན་ངག་དབྱིབས་མཛེས་ཆུན་པོ་རབ་སྤེལ་ནས། །འདི་འདྲའི་བསྟོད་བཟང་མེ་ཏོག་ཕྲེང་བརྒྱུས་ཀྱིས། །འགྲོ་བའི་སྒྲོན་མ་ཤིན་ཏུ་བརྒྱན་བྱའི་ཕྱིར། །རྒྱུས་མཁན་ངལ་བ་འབྲས་བུ་དང་བཅས་པ། །འདི་ལ་སྤྱན་རས་གཟིགས་པ་དཔལ་ཡོན་ཅན། །ཕུན་སུམ་ཚོགས་འཛིན་བདེན་པའི་སྤྲིན་ལྡན་འགྲོ་མགོན་མཆོག་ཏུ་ཞི་བ་བསམ་ཡས་ཕྲིན་ལས་ཅན། །གང་ཞིག་ལྷ་དང་ལྷ་མིན་ཀླུ་དབང་དྲི་ཟའི་གཙོ་བོས་ཀུན་ནས་དགའ་བས་ལེགས་མཆོད་པ། །ཐུབ་པ་སེར་སྐྱ་གྲོག་འཁར་བ་དང་རྐང་མིག་གིས་སྦྱར་བློ་ཡི་རབ་རིབ་ཀུན་སེལ་བའི། །བདེ་བར་གཤེགས་པའི་སྒྲོན་མེས་གསུང་རབ་གསལ་མཛད་སྔོན་མེད་ཉི་མ་དེ་ལ་བདག་དད་དོ། །)བདག་ཀྱང་སྔོན་སྦྱངས་ལས་ཀྱི་འཕེན་པ་ཡིས། །སྙིགས་མའི་དུས་སུ་གངས་རིའི་ཁྲོད་འདིར་སྐྱེས། །འོན་ཀྱང་ཚེ་རབས་སྔ་མའི་བསོད་ནམས་མཐུས། །ཤེས་བྱ་ཕལ་ཆེར་འབད་པ་ཆུང་ངུས་ཤེས། །རྩོད་དུས་འདི་ན་མཁས་པར་ཁས་འཆེ་ཞིང་། །ལན་བརྒྱར་འཆད་དང་ཉན་ལ་མངོན་བརྩོན་པ། །དེ་དག་གིས་ཀྱང་ཤེས་བྱའི་གནས་རྣམས་ལ། །རྣམ་པར་དཔྱད་ན་ཕྱོགས་རེའི་མིག་ཅན་ཡིན། །འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་གྱི་རི་མོ་འདི། གཙུག་ལག་ཁང་(ལུ+འདི་)ལ་ཕན་པའི་རྟེན་འབྲེལ་ཞིག་ཡོད་པས། དཔལ་ས་སྐྱ་པཎྜི་ཏས་བྲིས་པ་ཡིན།ཅུང་ཟད་རི་མོ་མ་མཛེས་ཀྱང་། མཚན་མོར་བྲིས་པ་དང་། པིར་ལ་སོགས་པ་མ་འཛོམ་པས་ལན་པ་ལགས། འོན་ཀྱང་བཀྲ་ཤིས་པའི་རྟེན་འབྲེལ་ཞིག་ཡོད། ཅེས་པའི་ཡི་གེ་འདི་དང་། ཕྱག་མཚན་འདི་བསམ་ཡས་ཀྱི་འཁོར་ས་བར་པའི་གཡས་ཕྱོགས་ན་བཞུགས་པ་ལགས།(ཞལུཔས་སུས་ཀྱང་མི་སུབ་པར་ཞུ། འཇམ་དབྱངས་ཕྱག་མཚན་རི་མོའི་ཚིགས་བཅད་ས་པཎ་གྱིས་མཛད་པ་འཕགས་པས་སྤེལ་བའོ།།)བཀྲ་ཤིས་པར་གྱུར་ཅིག། །།
༄༅།།ཕྱག་མཚན་རི་མོའི་བསྟོད་ཚིག་ལས་འཕྲོས་པའི་དྲིས་ལན་དགེ།ངག་དབང་ལེགས་གྲུབ།
ན་མོ་མཉྫུགྷོ་ཥ་བྷཱུ་མིཔཎྜ་ར་པཎྜི་ཏཱ་ཡ། །བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས་བསམ་ཡས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་ཤིག་ཏུ་སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་དང་སྐུ་དྲིན་རྗེས་སུ་དྲན་པའི་རྐྱེན་གྱིས་ད་ལྟ་རང་རེས་འདྲི་སྲོལ་ཡོད་པའི་རི་མོ་འདི་དག་ཕྱག་བསྟར་དུ་གནང་བའི་ཞལ་བྱང་དུ། །སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ་ཞེས་སོགས་ཀྱི་ཚིགས་སུ་བཅད་པ་རྣམས་འགོད་པར་མཛད་དོ། །དེ་དག་གི་མཚོན་དོན་ཙམ་བཤད་ན་དབུས་ཀྱི་པདྨའི་སྡོང་པོས་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཚོན་ཏེ་སློབ་དཔོན་གྱི་མཚན་དང་ཆོས་མཚུངས། །པདྨའི་ལྟེ་བའི་རལ་གྲིས་ནི་འཇམ་དབྱངས་ཀྱི་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་མཚོན་ཏེ་སྤྲུལ་གཞིའི་མཚན་མ་ཉིད་དོ། །དེ་གཉིས་ཡོན་མཆོད་རྣམ་པ་ཐ་དད་ཀྱང་ཡེ་ཤེས་གཅིག་པའི་ཕྱིར་རྟེན་དང་བརྟེན་པའི་ཚུལ་ལམ། །སློབ་དཔོན་ཆེན་པོའི་ཐུགས་ལས་སྐྱེས་པའི་ཆོས་སྲས་རྗེ་འབངས་ཉེར་ལྔར་གྲགས་པའི་གཙོ་བོ་ནི་མི་རྗེ་ཁྲི་སྲོང་ལྡེའུ་བཙན་ཡིན་པས་པདྨའི་ཟེའུ་འབྲུ་ལས་འཐོན་པའི་ཚུལ་དུ་བཀོད་པའོ། །པད་སྡོང་གི་གཡས་ཕྱོགས་ཀྱི་ངང་སེར་མགོ་གཉིས་པས་ནི་སློབ་དཔོན་ཆེན་པོ་ཞིབ་འཚོ་དང་ཀ་མ་ལ་ཤཱི་ལ་སྟེ་པདྨའི་ངང་ཚུལ་གཉིས་མཚོན་ཏེ་ཐུགས་ཀྱི་ལྟ་གྲུབ་དགོངས་པ་གཅིག་པས་ལུས་གཅིག་ལ། །གསུང་གིས་ཆོས་སོ་སོར་སྟོན་པས་མགྲིན་པ་གཉིས་ཅན། །སློབ་དཔོན་གཉིས་ཀའང་རྟེན་སྡོམ་བརྩོན་གྱི་མཆོག་ཏུ་བཞུགས་པས་ངང་སེར་གྱི་གཟུགས་སུ་བཀོད་པའོ། །གཡོན་ཕྱོགས་ཀྱི་ནེ་ཙོ་མགོ་གཉིས་པས་ནི་སྤྲུལ་པའི་ལོ་ཙཱ་བ་སྐ་པ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་མཚོན་ཏེ་ཐུགས་དགོངས་གཅིག་ལ་ཆོས་སོ་སོར་སྟོན་པས་ལུས་གཅིག་མགྲིན་པ་གཉིས་ཅན། །ནེ་ཙོས་བྱ་སྐད་དང་མི་སྐད་གཉིས་སྨྲ་བ་ལྟར་ལོ་ཙཱ་བས་ཀྱང་རྒྱ་བོད་ཀྱི་སྐད་གཉིས་སྨྲ་བས་ནེ་ཙོའི་གཟུགས་སུ་བཀོད་པའོ། །དེ་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོའི་དབུས་སུ་གནས་པ་ནི་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འདི་ཉིད་ལ་དུས་དབང་གིས་མེའི་གནོད་པ་འབྱུང་བ་ལུང་བསྟན་པ་ཞི་བའི་རྟེན་འབྲེལ་ཡིན་ཏེ་ཞལ་བྱང་གི་གཤམ་དུ་གཙུག་ལག་ཁང་འདི་ལ་ཕན་པའི་རྟེན་འབྲེལ་ཞིག་ཡོད་ཅེས་གསུག་པས་ཤེས་སོ། །དེ་དག་གི་དགོས་པ་ནི། །བོད་རྨོངས་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པའི་ཉི་མ་ཤར་བ་ནི་མཁན་སློབ་ཆོས་གསུམ་ལོ་ཙཱ་བ་དང་བཅས་པའི་ཐུགས་བསྐྱེད་དང་སྨོན་ལམ་བདག་པོའི་རྐྱེན་དང་ཕྲིན་ལས་ཀྱི་ཕྱག་རྗེས་ཁོ་ན་ཡིན་ནོ་ཞེས་དྲན་བསྐུལ་དད་པའི་གསལ་འདེབས་དང་། །བྱས་པ་ཤེས་ཤིང་དྲིན་དུ་བཟོ་བ་ནི་སྐྱེས་བུ་དམ་པའི་རྣམ་ཐར་ཡིན་པས་ན་སྐྱེ་བོ་བློ་གྲོས་དང་ལྡན་པ་དག་གིས་གཙོ་བོར་བསྟན་པའི་བྱ་བ་འཆད་ཉན་སྒོམ་སྒྲུབ་ལ་འབུངས་ཤིང་འདི་དག་གི་ཞབས་ཏོག་ལའང་བརྩོན་དགོས་སོ་ཞེས་འདོམས་པའི་ཆེད་དུ་མཛད་པ་ལགས། །རྡོ་རྗེ་དང་པོ་ཏི་བྲི་བ་སོགས་ནི་རྒྱུ་མཚན་མ་ངེས་པ་དག་གིས་རིགས་གསུམ་མགོན་པོར་རློམས་ཏེ་རང་དགར་བཀོད་པར་སྣང་ངོ་། །ཞེས་པ་འདི་ནི་དྲུང་རམས་པ་ཚུལ་ཁྲིམས་རབ་རྒྱས་ཀྱིས་དྲིས་པའི་ལན་དུ་ངག་དབང་ལེགས་གྲུབ་ཀྱིས་སྒྲོལ་ཆེན་རིམ་པར་བྱོན་པའི་བསྟི་གནས་སུ་བྲིས་པའོ། །ཤུབྷཾ།། པར་དང་དཔེ་འདི་དག་ནི་ཆོས་འབྱུང་གླིང་གི་མཁས་དབང་རྣམ་པས་དཔྱད་གཞིར་དགོས་ཞེས་བཀའ་སྩལ་ལྕི་བར་མི་འགོག་པའི་ཕྱིར་མཁས་གྲུབ་དུ་མའི་འབྱུང་གནས་དཔལ་སྐྱེ་དགུ་དོན་གྲུབ་གླིང་གི་ཆོས་གྲྭའི་མཁན་མིང་པ་ཕུར་བུ་ལྷུན་གྲུབ་བམ་དྲྭ་མིང་དུ་མཐོང་ན་དགའ་བ་ཞེས་པས་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཕུལ་བ་ལགས་པས་ཐུགས་བཞེད་འགྲུབ་པའི་རེ་བ་ཡོད། རང་གི་བསམ་ཚུལ་ནི་ངག་ནས་ཞུས་ཟིན་པ་ཉིད་དོ། །འདས་ལོ་༤༡༥༡པ་སྤྱི་ལོ་༢༠༡༨ཟླ་༩ཚེས༡༧ཉིན་སྤེལ།
Leave a Reply