བསེ་སྐར་ཚོམ་གྱིས་དབྱིན་ཡིག་ནས་བསྒྱུར།
གཉེན་བསྒྲིགས་བྱས་རྗེས་ཀྱི་ལོ་ཉི་ཤུ་རྩ་གཅིག་གི་རྗེས་སུ། ངའི་ཆུང་མས་ང་བུད་མེད་གཞན་ཞིག་དང་མཉམ་དུ་ཕྱི་ནས་དགོང་ཚིགས་ཟ་རྒྱུ་དང་གློག་བརྙན་ལ་བལྟ་རུ་འགྲོ་དགོས་པར་བཤད། མོས་བཤད་རྒྱུར་ “ང་ཁྱོད་ལ་དགའ་བོ་ཡོད། འོན་ཀྱང་བུད་མེད་འདི་ཡང་ཁྱོད་ལ་དགའ་བ་མ་ཟད་ཁོ་མོས་ཀྱང་ཁྱོད་དང་མཉམ་དུ་དུས་ཚོད་སྐྱེལ་འདོད་ཡོད་པ་རེད་”ཟེར།
ངའི་ཆུང་མས་ང་ཐུག་འཕྲད་བྱེད་དགོས་པར་བཤད་པའི་བུད་མེད་གཞན་དེ་ནི་ངའི་ཨ་མ་ལགས་རེད། ཁོ་མོ་ནི་མི་ལོ་ཧྲིལ་བོ་བཅུ་དགུའི་རིང་ཁེར་ཧྲེང་དུ་བསྡད་ཡོད། དེ་ལྟར་མོད་ཀྱང་། ང་རང་ཉིད་ཀྱི་བྱིས་པ་གསུམ་པོ་དང་བྱ་བའི་དགོས་མཁོའི་དབང་གིས་ཁོ་མོར་མཚམས་རེར་མ་གཏོགས་ཐུག་འཕྲད་དུ་བསྐྱོད་ཐུབ་ཀྱི་མི་འདུག དགོང་མོ་དེར་ངས་ཁོ་མོར་ཁ་པར་བཏང་སྟེ་དགོང་ཚིགས་མཉམ་དུ་ཟ་བ་དང་གློག་བརྙན་ལ་བལྟ་རུ་མགྲོན་འབོད་བྱས་པ་ཡིན། “ག་རེ་བྱས་སོང་། ཁྱོད་རང་བདེ་བོ་ཡིན་ནམ་”ཞེས་ཁོ་མོས་ཅི་ཞིག་ལ་བློ་དོགས་བྱེད་བཞིན་དྲིས་བྱུང་། ངས་“འུ་གཉིས་གཅིག་པོས་མཉམ་དུ་དུས་ཚོད་ཅིག་སྐྱེལ་ན་སྤྲོ་བོ་ཡོད་ཀྱི་རེད་བསམ་པ་ཡིན།”ཞེས་ལན་བཏབ་པ་ཡིན། མོས་ཡུད་ཙམ་ཞིག་ལ་བསམ་བློ་བཏང་རྗེས་“ང་དེ་ལ་ཧ་ཅང་དགའ་བོ་ཡོད་”ཞེས་བཤད།
གཟའ་པ་སངས་ཉིན་གྱི་ལས་ཀ་གྲོལ་རྗེས་ངས་རླངས་འཁོར་བསྐོར་ཏེ་ཁོ་མོ་ལེན་དུ་སོང་བ་ན་ཁོ་མོས་རང་གི་སྟོད་གོས་གྱོན་ཏེ་སྒོ་འགྲམ་ན་ང་ལ་སྒུག་འདུག ཁོ་མོས་མགོ་སྐྲ་སི་ལུ་བཟོས་འདུག་ལ། ཐེངས་སྔོན་མའི་ཆང་སའི་དུས་དྲན་རྟེན་འབྲེལ་སྐབས་སུ་གྱོན་པའི་གཟབ་སྤྲས་དག་ཀྱང་གྱོན་འདུག ཁོ་མོས་ང་ལ་ལྷ་མོ་ཞིག་གི་གདོང་ནས་མངོན་པ་ལྟ་བུའི་མཛུམ་མདངས་ཤིག་བསྟན་བྱུང་། ཁོ་མོ་རླངས་འཁོར་ནང་དུ་འཛུལ་ཞོར་“ངས་རང་གི་གྲོགས་པོ་ཚོ་ལ་ང་ངའི་བུ་དང་མཉམ་དུ་ཕྱི་རོལ་ཏུ་འགྲོ་གི་ཡིན་ཞེས་བཤད་པ་ཡིན། ཁོ་ཚོ་ཡིད་འགུལ་ཐེབས་སོང་”ཟེར། ངེད་གཉིས་ཡིད་འོང་བག་ཕེབས་ཀྱི་ཟ་ཁང་ཞིག་ཏུ་སོང་བ་ཡིན། ཨ་མས་རང་ཉིད་ལྷ་ལྕམ་སྐུ་ཞབས་ཞིག་ཡིན་པ་ལྟར་དུ་ངའི་དཔུང་བར་འཇུས་ཏེ་ཡོང་།
ངེད་གཉིས་རྐུབ་སྟེགས་སུ་བསྡད་རྗེས་ངས་ཟས་ཐོ་ཀློག་དགོས་བྱུང་། ཁོ་མོའི་མིག་གིས་ཡི་གེ་ཆེན་པོ་མ་གཏོགས་ཀློག་མི་ཐུབ། ངས་ཟས་ཐོ་ཕྱེད་ཙམ་བཀླགས་རྗེས་མིག་གིས་ཡར་བལྟ་ཞིག་བྱས་པར་ཨ་མས་ཕར་ཕྱོགས་ན་ང་ལ་ཅེར་ནས་ཡོད་པ་མཐོང་། ཁོ་མོའི་མཆུ་འདབས་ན་དགའ་སྐྱོ་འདྲེས་མའི་འཛུམ་མདངས་ཤིག་མངོན་འདུག
ཁོ་མོས་“ཁྱོད་ཆུང་ཆུང་ཡིན་པའི་སྐབས་སུ་ཟས་ཐོར་བལྟ་མཁན་དེ་ང་རེད”ཟེར། དེ་ནས་ངས་“ད་ནི་ཁྱོད་ཀྱིས་ངལ་གསོ་བྱས་ཏེ་ངས་དྲིན་ལན་འཇལ་བའི་དུས་སྐབས་རེད་”ཅེས་ལན་བཏབ་པ་ཡིན། དགོང་ཚིགས་སྐབས་སུ་ངེད་གཉིས་ལ་སྤྱི་མོས་ཀྱི་ཁ་བརྡ་ལྷུག་པོ་ཞིག་བྱེད་རྒྱུ་བྱུང་བ་དེ་ནི་དོན་གནད་དོན་དམིགས་བསལ་བ་ཞིག་གི་ཐོག་ལ་མིན་པར། ཕན་ཚུན་གྱི་ཉེ་དུས་དང་འབྲེལ་བའི་མི་ཚེའི་བྱུང་བའི་སྐོར་བཤད་པ་ཡིན། ངེད་གཉིས་ཀྱིས་ཁ་བརྡ་ཡུན་རིང་བྱས་རྐྱེན་གློག་བརྙན་གྱི་རྗེས་ཡང་ཟིན་མ་སོང་། ཡུད་ཙམ་འགོར་རྗེས་ངེད་གཉིས་ཁོ་མོའི་ཁྱིམ་དུ་འབྱོར། ཁོ་མོས་བཤད་རྒྱུར་“ང་ཡང་བསྐྱར་ཁྱེད་དང་མཉམ་དུ་ཕྱི་ལ་འགྲོ་གི་ཡིན། འོན་ཀྱང་ངས་ཁྱེད་མགྲོན་འབོད་བྱེད་ཆོག་ན་མ་གཏོགས་མི་འགྲོ་” ཟེར། ངས་དེར་ཁས་ལེན་བྱས་པ་ཡིན།
“ཁྱོད་ཀྱི་དགོང་ཚིགས་དུས་བཅད་ཇི་འདྲ་བྱུང་སོང་།”ང་ནང་དུ་སླེབས་པ་ན་ཆུང་མས་དེ་ལྟར་དྲིས། “ཧ་ཅང་ཡག་པོ་བྱུང་། ངས་བསམ་པ་ལས་ལྷག་ཅིག་བྱུང་།”ངས་དེ་ལྟར་ལན་བཏབ་པ་ཡིན། ཉིན་ཤས་རྗེས་སུ་སྙིང་ཁྲག་འགག་པའི་ནད་གཞི་ལྕི་མོ་ཞིག་ལ་བརྟེན་ནས་ངའི་ཨ་མ་ལགས་ཚེ་ལས་འདས། འཆི་རྐྱེན་དེ་གློ་བུར་དུ་བྱུང་བའི་རྐྱེན་གྱིས་ངས་ཁོ་མོའི་ཆེད་དུ་ཅི་ཡང་བྱེད་ཐུབ་མ་སོང་། དུས་ཡུན་ཅུང་འགོར་རྗེས་ང་ལ་ཨ་མ་དང་ངེད་གཉིས་ཀྱིས་དེ་སྔོན་དགོང་ཚིགས་རོལ་སའི་ཟ་ཁང་གི་བྱུང་འཛིན་པར་བཤུས་བཅུག་ཡོད་པའི་ཡིག་ཐུམ་ཞིག་འབྱོར། དེ་དང་མཉམ་སྦྱར་དུ་ཡོད་པའི་ཡིག་ཆུང་ཞིག་གི་ནང་དུ་ “ངས་ཟས་སྡེར་གཉིས་ཀྱི་རིན་གོང་སྔ་འདོན་གྱིས་སྤྲད་ཟིན་པ་ཡིན། ང་ཟ་ཁང་དེར་བསྐྱར་དུ་ཡོང་ཐུབ་མིན་ད་ལྟ་ངས་བཤད་ཚོད་ཐུབ་ཀྱི་མི་འདུག གང་ལྟར་ཟས་སྡེར་གཅིག་དེ་ཁྱོད་ལ་ཡིན་ཞིང་གཅིག་ཤོས་དེ་ཁྱོད་ཀྱི་ཆུང་མ་ལ་ཡིན། དགོང་མོ་དེ་ང་ལ་མཚོན་ན་ཇི་འདྲའི་དོན་སྙིང་ལྡན་པའི་མཚན་མོ་ཞིག་ཡིན་པ་ཁྱོད་ཀྱིས་གཏན་ནས་མི་ཤེས། ང་ཁྱོད་ལ་དགའ། བུ་་་་་་་་་”ཞེས་བྲིས་འདུག
སྐབས་དེར་ངས་“ ང་ཁྱོད་ལ་དགའ་”ཞེས་དུས་ནས་དུས་སུ་བཤད་རྒྱུ་དང་རང་གི་སྙིང་ཉེ་བའི་མི་ཡི་མཉམ་དུ་དུས་ཚོད་སྐྱེལ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་གཞི་ནས་རྟོགས། མི་ཚེའི་ནང་ཁྱེད་ཀྱི་ཁྱིམ་བཟའ་མི་ལས་ལྷག་པའི་གལ་ཆེན་ཞིག་མེད་པས། ཁོ་ཚོ་ལ་མཁོ་གལ་ཆེ་བའི་སྐབས་སུ་ཁྱེད་ཀྱིས་དུས་ཚོད་གཏོང་དགོས། གང་ཡིན་ཞེ་ན། གནད་དོན་དེ་དག་ནི་དུས་སྐབས་གཞན་ཞིག་མ་སླེབས་བར་དུ་འཕྱི་འགྱང་བྱེད་མི་རུང་བ་དེའོ།
Leave a Reply