གྲུབ་མཐའ་རིས་མེད་གནང་ལུགས་ཀྱི་སྐོར།

རྫོང་གསར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ། 

རིས་མེད་ཟེར་བ་དེ། མིང་སྙན་པོ་ཞིག་ཡོད་པ་རེད། དོན་ཡང་གལ་ཆེན་ཞིག་རེད། རིས་མེད་ཅིག་བཟོ་བར་བྱེད་པ་ལ། ཤིན་ཏུ་རྒྱ་ཆེན་པོ་དང་། གུ་ཡངས་པོའི་རིས་མེད་བཟོ་བ་ཡོད་པ་རེད། དེ་ཙམ་མ་ཡིན་ནའང་། རིམ་པ་མང་པོ་བརྒྱུད་ནས་རང་རང་སོ་སོའི་བློ་ནུས་དང་འཚམས་པའི་རིས་མེད་བཟོ་བ་ལས། ཚང་མ་གཅིག་མཐུན་གྱི་རིས་མེད་ཟེར་བ་ཡོང་ཐུབ་ཡོད་པ་མ་རེད། དེ་ནས་མཐར་ཐུག་གི་རིས་མེད་དང་རིས་མེད་མཐར་ཕྱིན་པ་དེ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིས་མེད་ལྟ་བུ་རེད་དྲན་གྱི་ཡོད། རྣམ་རྟོག་དང་འཛིན་པ་གཏན་ནས་མེད་པ་རེད། དེ་ཡིན་ན། ངོ་མ་རིས་མཐའ་དག་ཟད་སོང་བ་ཡིན་དུས། རིས་མེད་མཐར་ཐུག་པ་དེ་ཡིན་རྒྱུ་རེད། ཡིན་ནའང་། ང་ཚོས་བཟོ་ཐུབ་པའི་རིས་མེད་དེ་གང་རེད་ཞུ་ན། དེ་ནས་ཆུང་ས་ནས་བཤད་པ་ཡིན་ན། རང་གིས་གང་ཉམས་སུ་ལེན་ཐུབ་པ་དེ་ཉམས་སུ་བླང་། གཞན་གྱི་ཆོས་ལུགས་དང་གྲུབ་མཐའ་ཁག་ལ་གུས་པ་བྱེད། དག་སྣང་བྱེད། བརྩི་བཀུར་བྱེད། དེ་ལྟར་བྱེད་པ་ནི། མེད་དུ་མི་རུང་བའི་རིས་མེད་ཀྱི་གོམས་པ་དང་པོ་ཡིན་པ་རེད། གཉིས་པ་ཡིན་ན། དེའི་ཐོག་ཏུ། ནང་པ་སངས་རྒྱས་པའི་གྲུབ་མཐའ་སོ་སོའི་ཆོས་ལ་སློབ་སྦྱོང་བྱེད། ཐོས་བསམ་དང་སྒོམ་པ་བྱས་ནས་དེ་ཚང་མ་རང་གིས་བདག་པོ་བརྒྱབ་སྟེ།གྲུབ་མཐའ་ཆ་ཚང་ང་རང་གི་བསྟན་པ་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གྱི་ཐད་ལ་འབད་བརྩོན་གནང་ཐུབ་པ་ཡིན་ན། དེ་ནི་དེང་སང་ང་ཚོ་སོ་སོའི་སྐྱེ་བོ་ཞིག་གིས་བྱེད་ཐུབ་པའི་རིས་མེད་ཡག་ཤོས་དང་རིས་མེད་ཆེ་ཤོས་ཡིན་རྒྱུ་རེད། ང་ཚོ་རྫོང་སར་གྱི་འཇམ་དབྱངས་མཁྱེན་བརྩེ་དབང་པོས་མཛད་རྒྱུའི་རིས་མེད་ཀྱང་དེ་ག་ནང་བཞིན་རེད། ཡིན་ནའང་། ཁ་ཅིག་གིས་རིས་མེད་ཟེར་བ་དེ། སྣོད་གཅིག་ཏུ་ཅ་ལག་ཁ་ཚང་གཡུགས་བཞག་པ་དང་།ཐུག་པ་གཅིག་ཏུ་ཟས་རིགས་སྣ་ཚོགས་བཏབ་ནས་བཀོལ་བཞག་པ་ལྟ་བུར་བསམ་བློ་བཏང་པ་ཡིན་ན་རྩ་བ་ནས་གོ་རྒྱུ་མ་རེད། གང་རེད་ཟེར་ན། མི་གཅིག་གིས་ཚང་མ་ཉམས་སུ་བླངས་པ་ཡིན་ན། དཔེར་ན། ངས་ས་སྐྱའི་ཆོས་ཉམས་སུ་ལེན་པའི་སྐབས་སུ། སྦྱོར་བ། དངོས་གཞི། མཇུག་ཆ་ཚང་ས་སྐྱའི་ཕྱག་ལེན་མ་ནོར་བ་དང་མ་འཁྲུལ་བ། ཌ་རུ་དང་དྲིལ་བུ་བཀྲོལ་སྟངས། བླ་མ་བརྒྱུད་པའི་ཕྱག་ལེན་གནང་སྟངས་ཚུན་ཆད་ས་སྐྱའི་མཛད་པ་ཇི་བཞིན་བྱེད་ཀྱི་ཡོད། ང་མི་གཅིག་རེད་དེ། ཡང་བཀའ་བརྒྱུད་ཀྱི་ཆོས་ཉམས་སུ་ལེན་པའི་ཚེ་ནའང་། ཕྱག་ལེན་མཐའ་དག་བཀའ་བརྒྱུད་ཀྱི་མཛད་པ་ཇི་བཞིན་བྱེད་ཀྱི་ཡོད། བཀའ་བརྒྱུད་པ་ཞིག་གིས་བལྟས་ཡོང་པ་ཡིན་ན། འདི་བཀའ་བརྒྱུད་པའི་བླ་མ་ངོ་མ་ཞིག་རེད་འདུག་བསམ་པའི་ཚོར་བ་སྟེར་ཐུབ་པ་ཞིག ཡང་དགེ་ལུགས་པ་དང་རྙིང་མ་པ་རྣམས་ཀྱི་ཆོས་ཉམས་སུ་ལེན་སྐབས་སུ་དཔེ་དེ་ནང་བཞིན་བྱེད་ཀྱི་ཡོད། དེ་ཐམས་ཅད་མི་གཅིག་གིས་བདག་པོ་མཛད་ནས་དབང་བསྐུར་བ་དང་ཆོས་གསུང་ཐུབ་པ་ཡིན་ན། དེང་སང་སོ་སོའི་སྐྱེ་བོ་ཡིས་བསྒྲུབས་ཐུབ་པའི་རིས་མེད་ཨང་དང་པོ་དེ་རེད་བསམ་གྱི་ཡོད། དེ་ཙམ་མ་ཐུབ་པ་ཡིན་ན། གོང་དུ་ཞུས་པ་བཞིན། རང་གིས་ཉམས་སུ་བླངས་པ་དེ་ཉམས་སུ་ལེན། གཞན་ཚང་མའང་དད་པ་བྱེད། གུས་པ་བྱེད།

སྤྱིར་ན། དད་པ་ཞུ་བ་ནི། ནུས་པ་ཆེན་པོ་ཡིན་དུས། ནང་པ་སངས་རྒྱས་པའི་མ་ཡིན་པའི་ཆོས་དེ་ལའང་། ཁོ་ཚོའི་དད་པ་ལའང་ང་ཚོས་བརྩི་བཀུར་བྱེད། ལྷག་པར་དུ། ནང་ཆོས་ཡོངས་རྫོགས་ལ་བརྩི་བཀུར་བྱེད་པ་དེ་རིས་མེད་ཀྱི་གོ་དོན་རེད། དེ་ལྟར་རིས་མེད་གོ་དོན་མདོར་བསྡུས་ཤིག་ཞུས་པ་ཡིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*