ཞེ་སྡང་ཚིལ་བུའི་རྒས་འཁོགས་ཐུབ་བསྟན་ཕུན་ཚོགས་ལ་སྤྲིངས་པ།

——གདོང་མཁན་པས།
རྣམ་འདྲེན་ཡང་དག་རྫོགས་པའི་སངས་རྒྱས་པ།།
ཤཱཀྱ་ཐུབ་པ་འཕགས་པའི་ཡུལ་ནས་འཁྲུངས།།
ལེགས་བཤད་མཛད་པ་བཅུ་གཉིས་ཚུལ་སྟོན་པ།།
བདག་མེད་ཐེག་མཆོག་སྩོལ་མཛད་ཁྱེད་ལ་འདུད།།
སྟག་གཟིག་འོམ་མོ་ཞིང་མཆོག་ལུང་རིང་ནས།།
སྟོན་པ་གཤེན་རབ་གངས་ལྗོངས་ཞིང་དུ་འཁྲུངས།།
ཡང་དག་མཛད་པ་བཅུ་གཉིས་སྩོལ་མཛད་ནས།།
ཕ་ཆོས་ལམ་བཟང་སྩོལ་མཛད་ཁྱེད་ལ་འདུད།།
ཉེ་དུས་དགེན་མིང་ཐུབ་ཕུན་རྒས་འཁོགས་དེས།།
མདོ་རྒྱུད་མན་ངག་དྲི་མེད་བཀའ་བསྟན་ལས།།
སེམས་ཅན་སྲོག་བསླུ་དགོས་པའི་བདེན་དཔང་ཞིག།།
ཡེ་ནས་མེད་ལུགས་བོང་རྒན་ངུ་ཟུག་དང་།།
སྲོག་གཅོད་སྤངས་པའི་རྣམ་དཀར་དགེ་བ་དང་།།
དུས་ཆེན་ཁག་ལ་དགེ་སྒྲུབ་སྡིག་སྤོང་སོགས།།
སྟོན་པ་མཆོག་དང་གཤེན་རབ་མི་བོ་ཆེས།།
མ་གསུངས་ཞེས་པའི་ཐུབ་ཕུན་དམ་བཅའ་འཇོག།
ད་ནི་ལས་ངན་ཐུབ་ཕུན་རྒས་འཁོགས་ཁྱེད།།
སྣང་བ་མ་གཡེང་གདོང་མཁན་ཕྱོགས་སུ་གསན།།
དྲི་མེད་མདོ་རྒྱུད་བཀའ་བསྟན་ཇི་སྙེད་ལས།།
ཤ་བཀག་སྲོག་བསླུ་དགོས་ལུགས་འདི་ནས་གཟིགས།།
འཕགས་པ་ལང་ཀར་གཤེགས་པའི་མདོ་ཚིག་ལས།།
ཐེག་ཆེན་ཐར་པའི་ཆོས་དང་འགལ་བའི་ཕྱིར། །
འགྲོ་བ་མི་རྣམས་སྔངས་པར་འགྱུར་བའི་ཤ། །
དེའི་ཕྱིར་ཁ་ཟས་བཟའ་བར་མི་བྱ་སྟེ། །
འདི་ནི་འཕགས་པའི་དམ་པའི་རྒྱལ་མཚན་ནོ།།
དེ་བཞིན་ཁེ་ཡི་ཕྱིར་ནི་སེམས་ཅན་གསོད།།
སེམས་ཅན་ཤ་ཡིས་ཕྱིར་ནི་ནོར་སྦྱིན་བྱེད།།
དེ་དག་ཁེ་ནོར་གཉིས་ཀ་སྡིག་པ་ཅན།།
ངུ་འབོད་ཀུ་ཅོ་བྱེད་ལ་སོགས་པར་བརྩོ།།
གང་གིས་སྟོན་པ་ཐུབ་པའི་ཚིག་འདས་ཏེ།།
བསམ་པ་ཆེར་བཟུང་ངན་པས་ཤ་ཟ་ན།།
ལྷ་མིའི་འཇིག་རྟེན་གཉིས་ནི་གཞིག་པའི་ཕྱིར།།
ཤཱཀྱའི་ཐུབ་པའི་བསྟན་ལས་བརྟུལ་ཞུགས་བསླངས།།
ཤིན་ཏུ་མི་བཟད་འཇིགས་རུང་དམྱལ་བར་ཡང༌།།
མི་དགེ་སྡིག་པའི་ལས་ཅན་དེ་དག་འདོང༌།།
ཞེ་ངན་མ་རུངས་ངུ་འབོད་ལ་སོགས་སུ།།
སེམས་ཅན་ཤ་ཟ་དེ་དག་བཙོ་བར་འགྱུར།།
སེམས་ཅན་གཅིག་གིས་གཅིག་ལ་གཅིག་ཟ་བ།།
དྲི་མི་ཞིམ་ཞིང་རབ་ཏུ་སྨད་པ་དང༌། །
སེམས་ཅན་སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར།།
གཉའ་གནོན་གདོལ་བ་སྨྲི་ཤ་རིགས་ཅན་དང༌།
བྱེད་ལས་བཙོ་བླག་མཁན་དུ་ཡང་ཡང་སྐྱེ།།
དེ་བཞིན་སྟོན་པ་ཐུབ་པའི་དབང་པོ་ཡིས།།
ཉན་ཐོས་ཡང་དག་བློ་གྲོས་ཆེན་པོ་ཞེས།།
ང་ནི་སེམས་ཅན་ཐབས་ཅད་བུ་བཞིན་དུ།།
འདུ་ཤེས་དྭངས་བ་འདྲེན་པར་ལྡན་པ་ཡིན།།
ཇི་ལྟར་བདག་གི་བུ་ཡི་ཤ་བཟའ་བར།།
ཐེག་དམན་ཉན་ཐོས་རྣམས་ལ་གནང་བར་དང་།།
རང་གིས་ཁ་ཟས་བཟའ་བ་ལྟ་ཅི་སྨོས།།
གནང་བར་བློ་གྲོས་ཆེན་པོའི་གནས་མེད་དོ།།
འདི་རྣམས་ལང་ཀ་གཤེགས་པའི་མདོ་ལས་གསུངས།།
དགེན་མིང་དྲན་ཉམས་ཐུབ་ཕུན་རྒས་འཁོགས་ལགས།།
ཤ་བཀག་ལེགས་བཤད་དྲི་མེད་ལུང་རིགས་དང་།།
དགེ་སྒྲུབ་སྡིག་སྤོང་དགོས་པའི་ཞལ་གདམས་སོགས།།
སྟོན་པ་མཆོག་དང་རྒྱན་དྲུག་མཆོག་གཉིས་དང་།།
གངས་ཅན་ས་དགེ་བཀའ་རྙིང་བན་བོན་གྱི།།
མཁས་གྲུབ་དམ་པ་རྣམས་ཀྱིས་ཡང་ཡང་གསུངས།།
གནད་སྨིན་དྲི་མེད་ལེགས་བཤད་དེ་དག་ལ།།
ཐུབ་ཕུན་མིག་སྐྱག་མཐུག་པོས་མ་མཇལ་བར།།
ལས་ཟད་མི་རྒས་ཁྱེད་ལ་སྤྱན་དུ་ཕུལ།།
ད་དུང་མདོ་རྒྱུད་བསྟན་བཅོས་གང་མང་ལས།།
ཐེག་པ་ཆེན་པོའི་ཤ་རྣམས་བཀག་པ་དང་།།
ཟོས་ན་ངན་འགྲོའི་རྒྱུ་རུ་གསུངས་པ་མང་།།
དེའི་ཕྱིར་ཤ་བཀག་ལུང་ཚིག་ཇི་ཡོད་རྣམས།།
ཐུབ་ཕུན་རྒས་པོའི་མགོ་བོར་སྤུང་པ་ན།།
ཕན་གནོད་ཅི་ཡོད་ཁོ་བོས་མ་ཤེས་པས།།
དེ་རིང་ལང་ཀར་གཤེགས་པའི་མདོ་ཚིག་ལས།།
སུག་བྲིས་ངལ་བར་མི་བགྱིས་རེ་ཞིག་འབྱིན།།
གལ་སྲིད་ཐུབ་ཕུན་འདོད་བློ་མ་ཁེངས་ཚེ།།
དགོས་པའི་མཇལ་ལན་འཕྲལ་དུ་ཕུལ་བ་ན།།
གདོང་མཁན་ཁོ་བོའི་ལན་གཅིག་བསྲིངས་བར་འདོད།།
ཐུབ་ཕུན་སུག་བྲིས་ཟླ་ཤས་གོང་ནས་མཐོང་།།
སྐྱག་ཚང་སྣོད་ནས་དཀྲུག་ན་དྲིན་ངན་ལྟར།།
ལན་འདེབས་རྒོལ་ཚིག་ཡེ་ནས་མ་མཐོང་བས།།
སྣང་མེད་ནར་འགྱངས་ལྷོད་གཡེང་རྒྱང་དུ་སྐྱུར།།
ཡིན་ཡང་ཁ་རྩང་ཁ་བ་གངས་ཅན་ནས།།
རྣམ་དཔྱོད་བློ་མིག་ཅན་གྱི་མཁས་དབང་ཞིག།
མི་རྒས་ཐུབ་ཕུན་རྒོལ་ཚིག་བྲི་རོགས་ཞེས།།
རེ་བསྐུལ་ཞུ་ཡིག་ཕུལ་བར་མ་ལྡོག་ཙམ།།
གདོང་མཁན་མགྲིན་ལག་ཟུང་གིས་ཚིག་གིས་བགྱིས།།
ལང་ཀར་གཤེགས་པའི་ལུང་ཚིག་རྒྱབ་རྟེན་བྱེད།།
ལེགས་བཤད་གདམས་ངག་འབོགས་པའི་དཔལ་དུ་འཁྱིལ།།
མི་རྒས་ཐུབ་ཕུན་ཕྱོགས་སུ་འཕྲིན་འདི་བསྲིངས།།
གདོང་མཁན་པས་དགོང་ཟས་ཟ་ཞོར་དང་གྲོགས་བཤེས་མཛའ་གཅུགས་ལྷན་དུ་གླེང་མོལ་སོགས་མཉམ་དུ་སུག་བྲིས་བགྱིས། ༢༠༡༨/༡༡/༡

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*