བསླུ་མེད་བདེན་པ་བདར་བས་ཐོལ་བྱུང་གིས་རྒོལ་ཚིག
—— གདོང་མཁན་པས།
༼དང་པོ།༽
འདས་སོང་དེབ་ཐེར་ལོ་རྒྱུས་ཤུལ་རྙིང༌ཁྲོད།།
ཏྲེ་རབས་བརྒྱུད་འདྲེན་འཕྲང་དོག་སྲང་ལམ་ནས།།
ཟླ་མེད་དཔའ་རྒོད་མིང་བྱང་གངས་ལྗོངས་སུ།།
ཏྲེ་ཧོར་ཁམས་པ་ཞེས་པའི་ཁྱོན་འདིར་ལྡིར།།
སྔོན་བྱོན་མཁས་གྲུབ་དག་གིས་ལོ་རྒྱུས་དབུས།།
བརྡ་དང་ཐ་སྙད་སྦྱོར་སྤྱོད་མི་མཚུངས་ཀྱང་།།
གནས་ལུགས་བྱུང་རབས་འབེལ་གཏམ་གསེར་ཕྲེང་ལས།།
འགལ་འདུ་ལྟག་སྤྲོད་བཤད་ཡམ་ཡོད་མ་ཡིན།།
གནའ་དེང་ཆོས་སྲིད་མངའ་བདག་མི་བོའི་སྐབས།།
དུས་ཀྱི་འཕོ་འགྱུར་འཕེལ་འགྲིབ་མངོན་ན་ཡང་།།
ཏྲེ་རབས་དཔའ་ཐུབ་དམ་པའི་འགྲན་ཟླ་ལས།།
བརྡ་དང་ཐ་སྙད་སྦྱོར་ཚུལ་རྩོད་རྙོག་མེད།།
རེད་དེ་དེང་སང་ཁྲེལ་མེད་མི་བུ་འགས།།
སྔོན་བྱུང་ལོ་རྒྱུས་དག་ལ་འགལ་འཛོལ་དང་།།
མ་དག་རྒྱུན་འབྱམས་ཡོད་ཚུལ་བསྙད་པ་འདིར།།
རྟོག་གེ་གདོང་མཁན་ཁོ་བོ་ལན་གཅིག་དགོད།།
གདོང་མཁན་པས་རྒྱ་གར་བྱང་ཤར་ས་ལུ་རྒ་རའི་མ་བསམ་མགྲོན་ཁང་ཁང་མིག ༢༡༢ ནང་ནས་ཤར་མ་བྲིས། མཚན་མོའི་ཆུ་ཚོད ༩:༡༩ ལ། ཏྲེ་རྩོམ་གླིང་དུ་སྤེལ། ༢༠༡༨/༡༠/༡༩
༼གཉིས་པ།༽
སྔོན་བྱུང་ལོ་རྒྱུས་དག་ལས་ཐ་སྙད་ཐད།།
ནོར་འཛོལ་འགལ་འབྲེལ་ཡོད་པར་ངས་མི་འདོད།།
ཐ་སྙད་མི་འདྲའི་སྦྱོར་ཚུལ་ཡོད་པ་ཞེས།།
གདོང་མཁན་མགྲིན་བཟང་ལམ་ནས་གདོད་ནས་བསྒྲགས།།
ཡིན་ཡང་ཏྲེ་རབས་མི་རིགས་བརྒྱུད་གཞིས་འདིར།།
སོག་པོ་སྐབས་དང་འགྲོ་མགོན་ཆོས་འཕགས་སྐབས།།
འགལ་འཛོལ་བྱུང་རབས་བསྙད་ན་དགོད་མོའི་གནས།།
ལོ་རྒྱུས་འཆད་ཀྱང་དཀའ་གནད་ཡེ་ནས་དབེན།།
ཀྲེ་བོ་ཏྲེ་བོ་ཏྲེ་ཧོར་སྐྲེ་བོ་ཞེས།།
ཚིག་སྦྱོར་ཐ་སྙད་རྗེས་མཐུན་མི་གཅིག་ཀྱང་།།
དངོས་བྱུང་ལོ་རྒྱུས་དག་ལ་འགལ་འཛོལ་མེད།།
ཧོར་ཚང་མ་བསམ་བུ་བརྒྱུད་ཁྱིམ་གཞིས་འདིར།།
ཧོར་སེར་ད་ར་ཁག་ལྔའི་དཔོན་ས་དང་།།
ཁམས་རིགས་ཏྲེ་པའི་ཡུལ་ལུང་བདག་དབང་འོག།
རྫ་སྟོད་ག་ཡུ་འགོ་པ་མན་ཆད་དང་།།
རྟའུ་ཉག་མཚོའི་སྡེ་པའི་ཡན་ཆད་བར།།
ཏྲེ་ཧོར་ཁམས་པ་ཞེས་པའི་དབང་བསྒྱུར་འོག།
དེབ་རྙིང་མང་དག་ཁྲོད་ནས་ལྷུན་ཆགས་གསལ།།
རྗེས་སོར་གསར་སྐྱེས་སྨྱུག་འཛིན་དོན་གཉེར་ངོར།།
འདས་སོང་ཇི་ལྟར་ལོ་རྒྱུས་མངོན་ན་རུང་།།
ཚད་འཛིན་གནད་ལ་སྨིན་པའི་གདམས་ངག་ལས།།
མཁས་སྤོབས་དྲེགས་པས་བཤད་ཡམ་ཉུང་ན་བཟང་།།
གདོང་མཁན་མགྲིན་བཟང་ལམ་ནས་བསྐུལ་ལྕག་བསྲིངས།།
༢༠༡༨/༡༠/༡༩ ཆུ་ཚོད ༩:༢༥ མཚན་མོ།
༼གསུམ་པ།༽
གསར་རྟོགས་མི་བུའི་གཞན་ངོར་སྐུ་བསྟོད་ལ།།
དགའ་ཚོར་ནམ་ས་བཀང་བས་དགྱེས་ཚོར་དེར།།
མོས་ལྡན་ཀུན་བཟང་ཞིང་གི་རྒྱལ་སྲས་པས།།
མཁས་གྲུབ་དམ་པའི་ཐུགས་སུ་བཞད་གད་ཤོར།།
དེབ་ཐེར་གསེར་སྦྱངས་གཙང་མའི་གླེགས་བམ་ལས།།
ནོར་འཛོལ་ཡོད་ལུགས་དཀྲིགས་པའི་མོས་པར།།
བྱིས་བརྒྱད་སེམས་ངོར་བདེན་པར་ཚོར་ན་ཡང་།།
མཁྱེན་གཉིས་གྲུབ་པའི་སྣང་ངོར་མི་འཚམས་པ།།
ཁ་སྤོབས་འུར་སྒྲོགས་བདེན་པར་སུ་ཡིན་ཚོར།།
རང་ཉིད་མཁས་དྲེགས་རྗེས་ཆགས་མི་གཏོང་བར།།
གཞན་གཡམ་བདེན་པ་མེད་ལུགས་བསྙད་པ་དེས།།
རང་རློམ་བདེན་སྒྲུབ་ཡིན་པར་རྩོད་མེད་གྲུབ།།
དེའི་ཕྱིར་ཇི་འདྲ་མཁས་བླུན་བགྲོ་གླེང་ལ།།
སྦོམ་ཚོད་ཐིག་གི་དམའ་ས་ལེགས་བཟུང་ནས།།
སྣ་ཚོགས་ཤེས་བྱའི་རྒྱུ་སྐར་འཆར་བ་ན།།
ལྔ་རིག་མཚར་སྡུག་ལང་ཚོའི་བསུང་ངད་ཐུབ།།
རྒྱ་བོད་གཙུག་ལག་ལྗོན་བཟང་ཟོས་པའི་དྲིས།།
དེང་སང་མཁས་བླུན་དབུས་སུ་ལྷུན་ངེར་བརྗིད།།
དེ་མིན་རྒྱུན་ཆགས་མཁས་སྤོབས་ངོམ་པ་དང་།།
རང་ཉིད་མ་གཏོགས་རྒྱ་བོད་གཞུང་ལུགས་ལ།།
ལེགས་བྱང་རྟོགས་པའི་བློ་གྲོས་མེད་མདོག་བཤད།།
གཏོལ་མེད་ཤོར་བའི་སྲིན་སྐད་སྒྲོགས་པ་དེས།།
མཁས་མང་རི་དྭགས་བྱེ་བའི་དཔའ་དུ་བརྗིད།།
དེའི་ཕྱིར་གྲོགས་བཟང་གདོང་མཁན་ཁོ་བོ་པས།།
ལོ་མང་རྒྱུས་ཡོད་མཁས་དབང་ཁྱེད་ཉིད་ལ།།
བདེན་གཏམ་ཆོས་ཀུན་གླུ་རུ་ལེན་པ་དེས།།
བདེན་གཏམ་ཧུབ་ཀྱིས་བཞེས་པའི་རེ་བསྐུལ་བགྱིས།།
གདོང་མཁན་པས། ༢༠༡༨/༡༠/༡༩ མཚན་མོ་ཆུ་ཚོད ༩:༤༥
Leave a Reply