རང་ལ་སངས་རྒྱས་དངོས་ལས་བཀའ་དྲིན་ཆེ་བའི་རྩ་བའི་བླ་མ་གསུམ་ལ་གསོལ་འདེབས།

རྩོམ་པ་པོ།  མཁན་པོ་ཀུན་དགའ་འཕྲིན་ལས།  མི་གསོན་པོ། 
སྤྱི་བོར་པདྨ་བཞད་པའི་གསལ་སྟོང་གི་གདན་ལ།།
ཐུགས་རྗེའི་ཞབས་དཀྱིལ་བཀོད་པ་དགྱེས་འཛུམ་གྱི་མཚན་དཔེ།།
ཚེ་དང་སྒྲུབ་པ་མཉམ་པའི་རྟོགས་ལྡན་གྱི་རྒྱལ་པོ།།
འདྲེན་མཆོག་བླ་མ་རྡོ་རྗེ་རབ་བསྟན་ཁྱེད་འབོད་དོ།།
སྣང་སྟོང་མངོན་དུ་གྱུར་པའི་ཐབས་གྲོལ་གྱི་ཟབ་ལམ།།
ཚེ་གཅིག་སྒྲུབ་ལ་གཞོལ་བའི་མྱོང་ཁྲིད་ཀྱི་ངང་ནས།།
སྨིན་གྲོལ་ཆོས་སྐལ་ཟབ་མོའི་བཀའ་དྲིན་དེ་དྲན་ཞིང་།།
མི་ཕྱེད་དད་པའི་སེམས་ཀྱིས་གསོལ་བ་ཞིག་འདེབས་སོ།།
བསྐྱེད་རྫོགས་ཟུང་དུ་འཇུག་པའི་ཆོས་ཟད་ཀྱི་རྒྱལ་ཐབས།།
གཞོན་ནུ་བུམ་སྐུར་ཆུད་པའི་བདེ་སྟོང་གི་སྒེག་མོས།།
སྣང་སྲིད་དག་མཉམ་ཆེན་པོ་མི་ཕྱེད་ཀྱི་རོལ་པས།།
དགའ་བཞིའི་ཡེ་ཤེས་རྙེད་པའི་བྱིན་རླབས་དེ་སྩོལ་ཤིག།

མགྲིན་པ་ལོངས་སྤྱོད་རོལ་པ་གྲགས་སྟོང་གི་གནས་སུ།།
ལུང་རྟོགས་ཆོས་སྒོ་འབྱེད་པར་ལྔ་རིག་གི་སྒྱུ་འཕྲུལ།།
འགྲོ་དོན་མཐར་རུ་ཕྱིན་པའི་འཕགས་ཆེན་གྱི་སེམས་པ།།
མཁས་མཆོག་བླ་མ་ཀུན་དགའ་དབང་ཕྱུག་ཁྱེད་མཁྱེན་ནོ།།
མདོ་རྒྱུད་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་དེ་འབྱེད་བཞིན།།
མི་ཤེས་རྨོངས་པའི་འཆིང་རྒྱ་མན་ངག་གིས་དཀྲོལ་སྟབས།།
གཞུང་དོན་གདམས་པ་ཤར་བའི་གོ་རྟོགས་ཤིག་རྙེད་ནས།།
ཐུགས་རྗེ་བཀའ་དྲིན་དྲན་བཞིན་གསོལ་བ་ཞིག་འདེབས་སོ།།
ཟབ་མོ་དཀའ་བའི་གནད་ཀྱི་གཞུང་ལུགས་ཀྱི་དགོངས་དོན།།
མདོ་སྔགས་ཟུང་དུ་འཇུག་པའི་སྡོམ་གསུམ་གྱི་ཕྱག་བཞེས།།
ཚེ་གཅིག་ཉམས་སུ་ལེན་པའི་ལྟ་སྒོམ་གྱི་གནད་གསང་།།
སྟན་ཐོག་གཅིག་ཏུ་གྲོལ་བའི་བྱིན་རླབས་ཤིག་སྩོལ་ཤིག།

སྙིང་ཁར་ཆོས་སྐུ་རྩེན་པ་བདེ་སྟོང་གི་དབྱིངས་ནས།།
མཚོ་སྐྱེས་རྒྱལ་བའི་རྒྱལ་ཚབ་སྤྲུལ་བསྒྱུར་གྱི་བཀོད་པ།།
ལྔ་བདོའི་འགྲོ་ལ་སྣང་བ་མི་གཟུགས་ཀྱི་སངས་རྒྱས།
གཏེར་ཆེན་བླ་མ་མི་འགྱུར་རྡོ་རྗེ་དེ་མཁྱེན་ནོ།།
ཐེག་མཆོག་ལྟ་བའི་ཡང་རྩེ་ཕྱག་རྫོགས་ཀྱི་གདམས་ངག།
རེ་དོགས་སྤྲོས་མཚན་ཡིད་བྱེད་བློ་ཡུལ་ལས་འདས་པ།།
རང་སེམས་རིག་པའི་ངོ་བོ་རྗེན་ཅེར་དུ་སྟོན་པའི།།
བཀའ་དྲིན་སྙིང་ནས་དྲན་བཞིན་གསོལ་བ་ཞིག་འདེབས་སོ།།
གཉིས་སྣང་སྒྱུ་མའི་རྟོགས་ཆོས་ཡང་དག་གི་དྲན་པ།།
འབད་རྩོལ་ཕྲ་མོའི་སྟོང་འཛིན་རང་གྲོལ་དུ་ཞིག་ཏེ།།
ལྷུན་གྲུབ་འོད་གསལ་མ་བུའི་རང་ཞལ་དེ་མཇལ་ནས།།
ཟུང་འཇུག་ཆོས་སྐུ་ཐོབ་པའི་དངོས་གྲུབ་ཅིག་ཞུ་འོ།།
ཞེས་པ་འདི་ནི་མེ་སིཀ་ཁུལ་ནས་ཕྱག་ཆེན་སྔོན་འགྲོའི་སྒོམ་ཁྲིད་བྱེད་སྐབས་ཁྱོད་ཀྱི་བླ་མ་སུ་ཡིན་དང་དེ་དག་ལ་གསོལ་བ་འདེབས་པའི་ཚིག་ཡོད་དམ་ཟེར་ནས་དྲི་བ་བྱུང་བའི་རྐྱེན་བྱས་ཏེ་ཐུན་དེ་ཉིད་རང་དུ་ཤལ་མར་བྲིས་པས་བླ་མའི་བྱིན་རླབས་འཇུག་པའི་རྒྱུ་གྱུར་ཅིག། །།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*