༢༠༡༨ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༠ ནས་ ༢༤ བར། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སྐུ་བལྟམས་སའི་གནས་མཆོག་ལུམ་བི་ནི་རུ ༸སྐྱབས་མཆོག་༸འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་འོག ༸སྐྱབས་མཆོག་༸འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་དང་༸སྐྱབས་རྗེ་༸བཅོ་བརྒྱད་ཞབས་དྲུང་རིན་པོ་ཆེ་གཙོས་པའི་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལོ་རེའི་བཟང་སྤྱོད་དུས་སྟོན་འཚོགས་གནང་པ། ཉིན་དང་པོ་ནི་༸སྐྱབས་མགོན་བདེ་བར་གཤེགས་པ་བདག་ཆེན་འཇིགས་བྲལ་རྡོ་རྗེ་འཆང་ཆེན་པོ་མཆོག་གི་འཁྲུངས་སྐར་དུས་བཟང་ཡིན་པས། ཉིན་དེར་༸སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་རིན་པོ་ཆེ་ནས་ནང་ཆོས་ངོ་སྤྲོད་གནང་གྲུབ་རྗེས་སུ། དགེ་འདུན་འདུས་མང་དང་ཚོགས་ཞུགས་པ་ཡོངས་ནས་བླ་མའི་རྣལ་འབྱོར་འཚོགས་གནང་ཞིང་། ཉིན་རྗེས་མ་བཞི་པོར་རིན་པོ་ཆེ་མཆོག་ནས་འཇམ་མགོན་ས་པཎ་སྨོན་ལམ་བཀའ་ཁྲིད་ཟབ་རྒྱས་གནང་བ་དང་། ཉིན་ལྟར་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་འོག་ཚོགས་ཞུགས་པ་ཡོངས་ནས་ལུམྦི་ནི་ལ་བསྟོད་པ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང་འཇམ་དཔལ་མཚན་བརྗོད། ལེགས་གྲུབ་སྨོན་ལམ་བཅས་གསོལ་འདེབས་དུ་མ་གསུངས་ཤིང་། ཚང་མ་ལྷན་དུ་བསྒོམ་བསྐྱོན་གནང་བ་དང་། ཉིན་བཞི་པོའི་ཕྱི་དྲོར་ཞི་རྒྱས་དབང་དྲག་གི་ཆོ་ག་གསུངས་སོ། དགོང་མོར་སྐོར་ར་ཕེབས་པ་དང་བསྒོམ་རྒྱག་པ། ཕྱག་འཚལ་བ་དང་མར་མེ་སྒྲོན་པ་སོགས་གནང་། ཚེས་༢༣ཉིན་ལ་རིན་པོ་ཆེ་རྣམ་པ་གཙོས་པའི་འོད་ཟེར་ཅན་མའི་མཆེད་གྲོགས་ཚོགས་པའི་དྭང་བླངས་པ་བརྒྱ་ལྷག་ཞིག་གིས་ས་གནས་དེ་གའི་དབུལ་པོ་རྣམས་ལ་གོན་པ་སོགས་སྦྱིན་པ་གཏོང་བ་དང་། ཚེས་ ༢༤ ཉིན་མོར་༸སྐྱབས་མཆོག་ཨ་བི་ཀྲྀ་ཏ་རིན་པོ་ཆེ་མཆོག་ནས་སྐྱ་སེར་མང་ཚོགས་ལ་བྱང་གཏེར་འཆི་མེད་འོད་སྣང་གི་ཚེ་དབང་སོགས་གནང་ནས་ཉིན་ལྔའི་བཟང་སྤྱོད་དུས་སྟོན་བཀྲ་ཤིས་པའི་ངང་ལེགས་པར་གྲུབ།
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply