༧རྫོང་གསར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་མཆོག་གིས་ཞེན་པ་བཞི་བྲལ་འཆད་པ། མུས་འགོད། ༣

བདག་དོན་ལ་ཞེན་ན་བྱང་སེམས་མིན།།

   རང་དོན་རྐྱང་རྐྱང་ལ་འབད་པ་མི་བྱེད་པར་ཕར་རྒྱས་པར་སྤྲོས་ན། སྨོན་འཇུག་གཉིས།བདག་གཞན་མཉམ་པ། བདག་གཞན་བརྗེ་བ། བདག་བས་གཞན་ཆེས་གཅེས་པར་བསྒོམས་པའི་བྱང་ཆུབ་ཀྱི་སེམས་དེ་ཚོ་ཉམས་སུ་ལོངས་ཞེས་གསུངས་པ་རེད།ཚུར་ཧྲིལ་གྱིས་དྲིལ་ཅིང་བསྡུས་ཏེ་བཤད་ན། རང་དོན་བཟོ་མ་འདུག་ཟེར་བ་དེ་རེད། དུས་རྒྱུན་དུ་ང་ཚོས་ཟས་ཟ་བའི་གནས་སྐབས། གོས་གྱོན་པའི་གནས་སྐབས་སུ་རང་དོན་ཅི་ ཆོད་གང་ཆོད་བཟོ་དགོས་རེད་མ་གཏོགས།  ཆོས་གཏན་ནས་ཉམས་སུ་མི་ལེན་མཁན་དེ་ཚོ་བས་ཐེག་པ་ཆེན་པོ་ལ་ཞུགས་ནས་བསམ་བློ་ཐབས་རྡུགས་རང་དོན་ཁོ་ན་བསྒྲུབ་ན་དེ་ནི་ང་ཚོའི་ཞབས་འདྲེན་རེད་ལ། རང་རང་སོ་སོ་ལ་གྱོང་ཁ་ཆེན་པོའང་རེད། དེའི་རྒྱུ་མཚན་གྱིས་བདག་དོན་ལ་མ་ཞེན་ཞེས་གསུངས་པ་རེད།དམིགས་བསལ་བྱེ་བྲག་ཏུ་སྤྱོད་ལམ་གཞན་པ་ཚང་མ་ཕར་ཞོག ང་ཚོས་མར་བསྡད་ནས་འབྱུང་འདུལ་ཚར་གཅིག་བཏོན་པ་ལའང་བདག་དོན་ལ་མ་ཞེན་པ་ཞིག་དགོས་རེད་ཅེས་གསུངས་པ་རེད། ངེས་པར་དུ་བསམ་བློ་གཏོང་དགོས་རེད་མ་གཏོགས།ཐེག་པ་ཆེན་པོའི་བློ་སྦྱོང་གིས་སེམས་མ་ཐུལ་ནས་བཟུང་སྟེ། འབྱུང་འདུལ་བཏོན་པ་དེ་ཡང་བདག་སྲུང་སྐྱོབ་ཀྱི་ཆེད་དུ་བཏོན་པ་མ་གཏོགས། བདག་རྩ་མེད་དུ་གཏོང་བའི་ཆེད་དུ་གཏན་ནས་འདོན་གྱིན་ཡོད་མ་རེད། འདོན་ལུགས་ནོར་འགྲོ་ཡི་ཡོད་རེད།འབྱུང་འདུལ་གྱི་ཚིག་ནོར་ཡོད་མ་རེད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོགས་འགོ་ན་སེམས་བསྐྱེད་རྫིག་པོ་ཡོད་རེད། ཡིན་ནའང་ང་ཚོས་འདོན་ལུགས་ནོར། ཐེག་པ་ཆེན་པོའི་བློ་སྦྱོང་གིས་རང་རྒྱུད་མ་ཐུལ་ཚར་དུས། ང་ན་ན་ཅི་ཤེས།འབྱུང་འདུལ་བཏོན་ནས་མི་ན་བར་བྱེད་ཟེར་དུས། ང་ཟེར་རྒྱུ་དེ་གང་རེད། བདག་དོན་ལ་ཞེན་ནས་རང་དོན་སྒྲུབ་པའི་ཕུང་དཀྲུག་ངར་འཛིན་དེ་རེད། དེ་སྲུང་སྐྱོང་གི་ཆེད་དུ་ང་ན་འོང་ན་ཅི་ཤེས་སྙམ་ནས་འབྱུང་འདུལ་བཏོན།ང་ལ་འདྲེས་གནོད་འོང་ན་ཅི་ཤེས་སྙམ་ནས་ང་བསྲུང་བྱ་བྱས་པ་ལ་སོགས་པ་ཐེག་པ་ཆེན་པོའི་ཆོས་དང་གཏན་ནས་མི་མཐུན་པ་རེད།དེ་ཡིན་དུས་འབྱུང་འདུལ་ལྟ་བུ་མར་གསུང་འོང་དུས་རང་གཞན་སེམས་ཅན་ཐམས་ཅད་བསྲུང་དགོས་རེད། གང་ལས་བསྲུང་དགོས་རེད་ཟེར་ན། འཁོར་བའི་སྡུག་བསྔལ་ལས་བསྲུང་དགོས་རེད། བྱེ་བྲག་ངན་སོང་གི་སྡུག་བསྔལ་ལས་བསྲུང་དགོས་རེད། དེ་བཞིན་དུ་ཕན་བདེ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པའི་ཆེད་དུ་ཡིན་བསམ་དགོས་རེད་མ་གཏོགས། སེམས་ཅན་ལ་སྡེ་ཚན་གཉིས་སུ་བྱས་ནས། ང་རང་བསྲུང་བྱ་བྱས། གང་ལས་བསྲུང་ཞེ་ན། གཞན་ཁོ་ཚོ་ལས་བསྲུང་། ཁོ་ཚོ་འདྲེ་རེད་ང་ལ་གནོད་ན་ཅི་ཤེས་སྙམ་ནས་སེམས་ཅན་སྡེ་ཚན་གཉིས་སུ་བྱས་ཤིང་འབྱུང་འདུལ་བཏོན་ན་སྔགས་ཕར་ཞོག་ཐེག་པ་ཆེན་པོའི་ཉམས་ལེན་ ཙམ་ལའང་འགྲོ་ཐུབ་ཀྱིན་ཡོད་མ་རེད། དེ་ངས་དེ་རིང་ཉམས་ལེན་གྱི་ལམ་འགག་ཙམ་ཞིག་བསྟན་པ་ཡིན། ཐ་ན་ཟས་ཟ་དུས།གོས་གྱོན་དུས། ཕར་འགྲོ་ཚུར་འོང་བྱེད་དུས་སོགས་ལའང་རང་དོན་མེད་པ་བཟོ་མ་ཐུབ་ནའང།ད་འབྱུང་འདུལ་ཚར་གཅིག་འདོན་ཚེ་རང་དོན་མེད་པ་ཞིག་བཟོ་ཨེ་ཐུབ་བལྟ་དགོས་རེད་མ་གཏོགས། ང་ཚོ་ཐེག་པ་ཆེན་པོ་པ་རེད་ཐུབ་ཀྱིན་མ་རེད། དེ་བཞིན་དུ་བསྐང་གསོལ་འདོན་མཁན་ཚོ་དེ་འདྲ་རེད། བསྐང་གསོལ་འདོན་སྐབས་ཚིག་ཟིན་ལ་ག་འདྲ་ཡོད་ན་འདྲ་མེད་ན་འདྲ།དོན་དུ་ཐེག་པ་ཆེན་པོའི་གཞུང་ལུགས་རྣམས་ལས་རེ་དོགས་འགོག་པའི་ཕྲིན་ལས་བཅོལ། ཞེས་པ་ལ་སོགས་པ་བློ་སྦྱོང་དོན་ལྡན་མ་ལ་སོགས་པ་ལས་གསུངས་ཡོད་རེད། དེ་གང་རེད་ཟེར་ན། ངས་བསྟན་པ་དང་སེམས་ཅན་གྱི་དོན་མ་གཏོགས། རང་དོན་གཏན་ནས་མེད་པར་བཏང་ཚེ། བསྟན་པ་དང་སེམས་ཅན་ལ་ཅི་ཞིག་གིས་གོ་ཆོད་ཆེས་ན། དེ་ལ་ཆོས་སྐྱོང་སྲུང་མས་ཕྲིན་ལས་མཛད་རོགས་གྱིས་ཞེས་དང་། གལ་སྲིད་ང་ན་བས་གོ་ཆོད་ཆེ་ན་ན་བར་གྱིས། ཤི་བས་གོ་ཆོད་ཆེ་ན་ཤི་བར་གྱིས། ན་བ་མེད་པས་གོ་ཆོད་ཆེ་ན་མ་ན་བར་གྱིས་ཕྲིན་ལས་མཛད་པར་དགོས་ཟེར་ནས་ཐེག་པ་ཆེན་པོའི་བློ་སྦྱོང་གཞིར་བཞག་ནས་ཕྲིན་ལས་བཅོལ་རྒྱུ་མ་གཏོགས།བདག་འཛིན་ཕུགས་སུ་བཅུགས་ནས་ང་ལ་ཟས་ཐོབ་པར་ཤོག གོས་ཐོབ་པར་ཤོག དགྲ་བོ་མེད་པར་ཤོག་ཅེས་པ་ལྟ་བུའི་རང་དོན་ལ་ཕྲིན་ལས་བཅོལ་བ་དེ་དག་ཐེག་པ་ཆེན་པོའི་བློ་སྦྱོང་ཉམས་སུ་ལེན་མཁན་དེ་ཚོ་ལ་གཏན་ནས་མེད་པ་རེད། དེ་ནས་སྐུ་གདུང་དག་ལའང་རེ་དོགས་མ་ཆོད་ཚར་ནས་བཟུང་།འདི་ལ་ཅིག་ཅིག་བྱེད་དགོས། ཉིག་ཉིག་བྱེད་དགོས་ཞེས་པ་ལྟ་བུ་མང་པོ་མང་པོ་བཀོད་སྒྲིག་བཟོས་ཡོང་གི་ཡོད་རེད། དེ་ཡང་ཐེག་པ་ཆེན་པོའི་བློ་སྦྱོང་དང་མི་མཐུན་པ་རེད། ཐེག་པ་ཆེན་པོའི་བློ་སྦྱོང་གི་ནང་དུ། ཅི་འོང་བར་ཤོག གང་དུ་འགྲོ་བར་སོང་། ཅེས་ཀྱང་དགོས་པ་མེད། ཅེས་པ་ལ་སོགས་པ་ཐེག་པ་ཆེན་པོའི་སྤྱོད་འཇུག་ལས་མང་པོ་ཞིག་གསུངས་ཡོད་རེད། སྔོན་ཆད་བཀའ་གདམ་པའི་དགེ་བའི་བཤེས་གཉེན་དེ་ཚོའི་ནང་ན། རང་གི་རོ་དེ་མགོ་མཇུག་བསྣལ་ནས་མཆོད་རྟེན་གྱི་འོག་ཏུ་ཆུགས་ཞེས་གསུངས་མཁན་མང་པོ་ཡོད་རེད། དེ་ཚོ་ཧ་ལས་པའི་རླབས་ཆེན་པོ་རེད།ཅི་རེད་ཟེར་ན། རང་དོན་བློས་བཏང་ཚར་རེད། ང་ཚོ་འདྲ་ཡིན་ན་མཆོད་རྟེན་ཞབས་ལ་རོ་བཅུགས་ན་མནན་པ་རེད་ཨེ་འགྲོ་ཟེར་ནས་སྐྲག་སྐྲག་འདར་འདར་བཟོ་ཡི་རེད་དེ།སུ་མནན་པ་རེད་འགྲོ་རེད། ང་མནན་པ་རེད་འགྲོ་རེད། འོ་དེ་དགོས་རྒྱུ་དེ་ཡིན། ང་འདིས་འཁོར་བ་ཐོག་མ་མེད་པ་ནས་ད་བར་དུ་བརླགས་བརླག་ནས་རེད།ང་མནན་པ་རེད་འགྲོ་རོགས་བྱས་ན་དེ་ཡི་སླ་ཞིག་མེད་པ་ཡིན་དུས་ལ། ད་ནོན་ཤོག་ཅེས་དགོངས་རྒྱུ་དེ་རེད།གང་ས་ཅིའི་ཐད་ནས་རང་དོན་དེ་མར་ཆུང་ངུར་བཏང་། མ་ཎི་ཚར་གཅིག་བཏོན་ནའང་རང་དོན་གྱི་གཉེན་པོ་དང་། བདག་འཛིན་གྱི་གཉེན་པོར་འགྲོ་བ་ཞིག་ལ་བསམ་བློ་གཏོང་དགོས་རེད་མ་གཏོགས། བདག་བསྲུང་རྒྱུར་བྱས་ནས་ཚུར་སྦྱར། སྲུང་མ་ཐམས་ཅད་ཀྱིས་ང་བསྲུང་བར་གྱིས་ཤིག འབྱུང་པོ་འདུལ་བྱེད་ཀྱིས་ང་བསྲུང་བར་གྱིས་ཤིག    ཀྱེ་རྡོར་བཏོན་ནས་ང་སྲུང་སྐྱོབ་གྱིས་ཤིག ནད་མེད་པར་གྱུར་ཅིག བར་ཆད་མེད་པར་གྱུར་ཅིག་ཅེས་བཤད་པ་ཡིན་ན། ད་དུང་རང་འདི།   བློས་གཏན་ནས་མ་ཐོངས་བའི་རྟགས་རེད། ང་ཚོ་སོ་སོའི་སྐྱེ་བོ་ཞིག་གིས་རང་བློས་མ་ཐོངས་ནས།   ལྷ་ཡེ་ཤེས་པ་ཞིག་སྤྱན་དྲངས་ནས་ང་ལ་གཡོག་པོ་གྱིས་ཟེར་གྱིན་ཡོད་པས། དེ་ནི་སུ་གཅིག་གི་རྣ་བར་མི་འགྲོ་བའི་ཉམས་ལེན་གྱི་སྐད་ཆ་རེད། དེ་འདྲ་མ་སོང་བ་ཞིག་གི་ཐོག་ནས་ཐ་ན་ཉི་མ་རེ་ལ་སྐར་མ་བཅུ་རེ་ཙམ་ལའང་རེ་དོགས་འགོག་ཐུབ་ན་བདག་འཛིན་ལ་སྲུང་སྐྱོབ་མིན་པར་བདག་འཛིན་འདུལ་བའི་གཉེན་པོ་ཡིན་པ་ཞིག་དགོས་རེད།མི་ལ་རས་པས་འདི་འདྲ་གསུངས་ཡོད་རེད།གཞན་དག་གིས་ཕྲིན་ལས་ཀྱི་རྣོ་སོ་དང་བྱིན་རླབས་ལ་སོགས་པ་མདའ་རྫས་མདུང་རྫས་ཐམས་ཅད་ཁ་ཕྱིར་བསྐོར་ནས་ཆོས་བཤད་ཀྱིན་ཡོད་རེད། ཁོང་གི་བརྒྱུད་པ་འདི་དག་གིས་ཚང་མ་བདག་འཛིན་གྱི་སྟེང་དུ་ཚུར་སྦྱར་ནས་ཐུབ་དགོས་རྒྱུ་དེ་བདག་འཛིན་ཡིན་པ་ངོས་བཟུངས་ཤིང་ཉམས་ལེན་བྱེད་མཁན་ཡིན་གསུངས་ཡོད་རེད། དེའི་རྒྱུ་མཚན་གྱིས་བདག་དོན་ལ་ཞེན་ན་བྱང་སེམས་མིན་ཅེས་དགག་ཕྱོགས་ནས་བསྟན་སོང་པ་རེད་ལ།  སྒྲུབ་ཕྱོགས་ནས་བདག་དོན་ལ་མ་ཞེན་པ་ཞིག་ཡོད་ན་དེ་བྱང་སེམས་ཀྱི་ཉམས་ལེན་ཡིན་ཞེས་བསྟན་པ་རེད།ཉམས་ལེན་དེ་དང་ལྡན་པའི་གང་ཟག་དེ་བྱང་ཆུབ་སེམས་དཔའ་ཡིན་རེད།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*