࿑ འཛིན་པ་བྱུང་ན་ལྟ་བ་མིན།།
ཞེས་གསུངས་པ་དེ་ནི། འཛིན་པ་ཟེར་རྒྱུ་དེ་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཐམས་ཅད་ལ་གོ་དགོས་རེད། ཆོས་རྣམས་ཀྱི་གནས་ལུགས་ཟེར་བ་ནི་གོང་དུ་བཤད་པ་བཞིན་ཏུ་སྣང་བ་ཐམས་ཅད་སེམས་སྣང་ཙམ་ལས་ལོག་སུ་མ་གྲུབ་ཅིང་། སྣང་བ་སེམས་སུ་ངོ་ཤེས་རྒྱུ་དེ་རེད། དེ་བཞིན་དུ་སེམས་ཙམ་དེ་ཡང་སྒྱུ་མ་ལྟ་བུར་ངོ་ཤེས་ནས། སེམས་སྣང་སྒྱུ་མ་ལྟ་བུ་དེ་ཡང་སེམས་དང་སྣང་བ་གཉིས་པོ་བརྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས། ནང་གི་རྟེན་འབྲེལ་གྱིས་ཕྱི་ཡི་སྣང་བ་ཐམས་ཅད་འཕྱུར། དེ་འདྲ་ཡིན་པ་ངོ་ཤེས་འོང་ཚེ། རྟེན་འབྲེལ་ཤེས། རྟེན་འབྲེལ་གྱི་གཤིས་ལུགས་ལ་བསམ་བློ་བཏང་ན། ཡོད་པ་དང་།མེད་པ།གཅིག་དང་ཐ་དད་སོགས་གང་དུའང་མ་གྲུབ་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། གང་གི་བརྟེན་ཅིང་འབྲེལ་བར་འབྱུང་།།འགག་པ་མེད་པ་སྐྱེ་མེད་པ།། ཆད་པ་མིན་པ་རྟག་མིན་པ།། འོང་བ་མེད་པ་འགྲོ་མེད་པ། ཐ་དད་དོན་མིན་དོན་གཅིག་མིན།སྤྲོས་པ་ཉེར་ཞི་ཞི་སྟོན་པ། ཞེས་གསུངས་པ་ནང་བཞིན། དེ་དང་འདི་ཟེར་རྒྱུའི་དམིགས་པའི་གཏད་སོ་གང་ཡང་མེད་ལ། ཡོད་པའི་དངོས་པོ་རྡུལ་ཕྲ་མོ་ཙམ་ཡང་མ་གྲུབ་པ་མ་ཟད། དགག་བྱ་ཡོད་པ་རྡུལ་ཕྲ་མོ་ཙམ་ཡང་མ་གྲུབ་ན། དེ་བཀག་པའི་འགོག་ཆོས་ཅི་ཡང་མ་གྲུབ་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དགག་བྱ་ཅི་ཡང་མེད་པས་ན།། ངས་ནི་ཅི་ཡང་མི་འགོག་གོ།། དེ་ཕྱིར་འགོག་པར་བྱེད་དོ་ཞེས།། ཡང་དག་མིན་དེ་ཞེས་ཟེར་བ་འདྲ་བོ་དང་། དེ་བཞིན་དུ་ཡང་། དབུ་མ་རང་རྒྱུད་ཀྱི་གཞུང་དེ་ཚོའི་ནང་ན། སྐྱེ་ལ་སོགས་པ་མི་སྲིད་པས།། སྐྱེ་བ་མེད་ལ་སོགས་པའང་མེད།། གསུངས་པ་ལྟར་ལྟོས་ས་དགག་བྱ་ཡོད་པ་མ་གྲུབ་ཚར་དུས། ལྟོས་ཆོས་མེད་པའང་མི་སྲིད་ལ། དེ་མི་སྲིད་ན་གཉིས་ཀ་དང་གཉིས་མིན་སོགས་མི་སྲིད་པས། མཐའ་བྲལ་ལ་ཕུ་ཐག་ཆོད་འགྲོ་རེད།སེམས་ནང་ནས་སྒྲ་དོན་འདྲེས་འཛིན་གྱི་རྟོག་པས་ཅི་ཙམ་ཞིག་བསམ་ན་ཡང་འཛིན་པ་ཁོ་ན་ཡིན་རེད། རྗེ་བཙུན་རིན་པོ་ཆེས་མངོན་རྟོགས་ལྗོན་ཤིང་ལས་གསུངས་ཡོད་རེད། སྟོང་པ་ཡིན་ནོ་སྙམ་ན་དེ་ཡང་འཛིན་པ་ཡིན།སྤྲོས་བྲལ་ཡིན་ནོ་སྙམ་ན་དེ་ཡང་འཛིན་པ་ཡིན། བརྗོད་བྲལ་ཡིན་ནོ་སྙམ་ན་དེ་ཡངའཛིན་པ་ཡིན། མདོར་ན་སྒྲ་དོན་འདྲེས་འཛིན་གྱི་རྟོག་པས་ཅི་འདྲ་ཞིག་བསམ་ན་ཡང་གནས་ལུགས་དང་མི་མཐུན་པ་རེད།གང་རེད་ཟེར་ན། གནས་ལུགས་ཟེར་རྒྱུ་དེ་ཡོད་མེད་ཡིན་མིན་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ་གོང་དུ་ངས་བཤད་པ་བཞིན་དུ་གཏན་ལ་ཕབ་ཟིན་པ་རེད། ཡོད་པ་ཟེར་རྒྱུའི་བཟུང་བྱ་ཞིག་མ་གྲུབ། དེ་མ་གྲུབ་པས་མེད་པ་ཟེར་རྒྱུའི་བཟུང་བྱ་ཅི་ཡང་མ་གྲུབ། བཟུང་བྱ་ཅི་ཡང་མ་གྲུབ་ཚར་དུས།དེ་ནས་གནས་ལུགས་དང་མཐུན་པའི་བློ་ཞིག་སྐྱེ་དགོས་ན། ཅི་ཡང་མི་འཛིན་པ་ཞིག་སྐྱེ་དགོས་ཀི་རེད་མ་གཏོགས། གནས་ལུགས་ཅི་ཡང་མ་ཡིན་པ་ཞིག་ལ་དེར་འཛིན་གྱི་བློ་ཡིས་བཟུང་རྒྱུ་ཞིག་ཡོད་སོང་ན་བློ་དང་གནས་ལུགས་གཉིས་ཀ་ཤར་ནུབ་བཞིན་དུ་ཁ་ཁར་ཆགས་སོང་བ་ཡིན་པས་གནས་ལུགས་རྟོགས་པའི་དུས་མི་སྲིད་པ་རེད། དེ་བཞིན་དུ་གོང་གི་གཞུང་དེས་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་བྱུང་བ་ཡིན་ན། དེ་ཡང་དག་པའི་ལྟ་བ་མ་ཡིན་ཅེས་དགག་ཕྱོགས་ནས་བསྟན་པ་རེད་ལ། དེས་སྒྲུབ་ཕྱོགས་ནས་ཤུགས་བསྟན་ལ་འཛིན་པ་མེད་ན་དེ་ལྟ་བ་ཡིན་ཅེས་བསྟན་སོང་བ་རེད། འཛིན་པ་མེད་ཙམ་ཞིག་དང་།གཟུང་མི་ཤེས་པ་ཙམ་ཞིག་སྟེ། རིག་པ་སྟོང་བའི་ས་རྡོ་བེམ་རིལ་ལྟ་བུ་ལྟ་བ་ཨེ་རེད་ཟེར་ན་དེ་རྩ་བ་ནས་མ་རེད། ལྟ་བ་ཟེར་རྒྱུ་འདི་མཐའ་བྲལ་ལ་ངེས་ཤེས་སྐྱེས་ཤིང་། གཟུང་བ་ཡུལ་གྱི་རྣམ་བཞག་མཐའ་བྲལ་དུ་གཏན་ལ་ཕབ་ཚར་ཚེ། གཟུང་རྒྱུ་གང་ཡང་མ་རྙེད་ནས་ཅི་ཡང་མི་འཛིན་པའི་ཐོག་ཏུ་བློ་དེ་སླེབས་དགོས་ཀི་ཡོད་རེད། དེ་ལ་ལྟ་བ་ཡིན་ཅེས་བསྙད་དགོས་རེད་མ་གཏོགས། རང་དགར་དུ་ཅི་ཡང་མི་འཛིན་པ་ཙམ་ཞིག་ལྟ་བ་ག་ལ་ཡིན་ཏེ། གཉིད་ཉལ་བསྡད་པའི་གནས་སྐབས་སུ་ཡང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མི་སྐྱེ་བ་ཙམ་ཞིག་ཡོད་ཆོག་གི་རེད།བརྒྱལ་སོང་ནའང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མི་སྐྱེ་བ་ཙམ་ཡང་ཡོད་ཆོག་རྒྱུ་རེད་དེ་དེ་ལྟ་བ་མ་རེད། མཐའ་བྲལ་ལ་ངེས་ཤེས་རྙེད་ཅིང་། ཡིན་ལུགས་ཁོ་རང་བློ་ཐོག་ལ་ཕུ་ཐག་བཅད་ནས་ཡུལ་ཅི་ཡང་མ་ཡིན་པའི་ངང་ནས་ཡུལ་ཅན་གྱིས་ཅི་ཡང་མི་འཛིན་པའི་ཐོག་ཏུ་གཟུང་རྒྱུ་དང་གཟུང་བྱ་ཅི་ཡང་མ་རྙེད་ནས་ལུས་སོང་བ་ཡིན་ན་མཐའ་བྲལ་ངེས་པའི་ལྟ་བ་ཟེར་རྒྱུ་དེ་རེད། དཔེར་ན། མི་ཞིག་ཆུ་གཏིང་ཟབ་མོའི་ནང་དུ་ལྷུང་ཚེ། མི་དེས་ཆུ་དེ་ལས་ཐར་འདོད་ཀྱིས་ལག་པས་བསྙབས་བསྙབས་ཅི་ཙམ་བྱས་རུང་གཟུང་རྒྱུ་ཅི་ཡང་མེད་ནས་ཆུ་ནང་དུ་མར་ནུད་འགྲོ་ན་མ་གཏོགས་ཐབས་གང་ཡང་མེད་པར་ཆགས་ཡོད་པ་བཞིན།འདིར་ཡང་ནུད་འགྲོ་ས་ཞིག་དང་ལྷུང་འགྲོ་ས་ལྟ་བུ་མེད་ནའང་། ལྟ་བ་ཁོ་རང་གི་ངོས་ནས་གཟུང་རྒྱུ་དང་གཟུང་བྱ་ཅི་ཡང་མ་གྲུབ་ནས་འཛིན་མེད་ཀྱི་ཐོག་ཏུ་ཡུལ་གཏན་ནས་མེད་པའི་ཡུལ་ཅན་ཀྱི་ཤེས་པ་རྗེན་པ་ཡ་འགར་བ་ཞིག་ཤུལ་ཏུ་ལྷག་ན་དེ་ལ་འཛིན་མེད་ཀྱི་ལྟ་བ་ཟེར་དགོས་རེད་ལ། སྤྱིར་དེ་འདྲ་ལྷག་ཙམ་ལ་ཞི་གནས་ཟེར་དགོས་ཀི་ཡོད་རེད་མ་གཏོགས་ལྷག་མཐོང་གི་ལྟ་བ་ཟེར་རྒྱུ་ཡོད་མ་རེད། ཡིན་ན་ཡང་མཐའ་བྲལ་ལ་ངེས་ཤེས་སྐྱེས་པ་ལ་ལྷག་མཐོང་ཟེར་དགོས་རེད་མ་གཏོགས། རང་དགར་ཞི་གནས་བསྒོམ་མཁན་དེ་ཚོས་ཀྱང་རྣམ་རྟོག་མི་སྐྱེ་ཙམ་གྱི་སེམས་ཤིག་ངོས་ཟིན་གྱིན་ཡོད་རེད། རེད་དེ་དེ་འདྲ་དེ་ལ་ཞི་གནས་མ་གཏོགས་ལྷག་མཐོང་གཏན་ནས་མེད་པས་མཐའ་བྲལ་ལ་ངེས་ཤེས་མེད་པ་བླུན་པོ་རེད། དེ་ཡང་ཆོས་རྗེ་ས་སྐྱ་པཎྜི་ཏས། བླུན་པོས་ཕྱག་རྒྱ་ཆེར་བསྒོམ་པ།། ཞེས་གསུངས་པ་བཞིན་དུ།
མཐའ་བྲལ་ལ་ངེས་ཤེས་མ་རྙེད་པ་ལ་བླུན་པོ་ཟེར་གི་ཡོད་རེད། དེ་ཡིས་ཕྱག་རྒྱ་ཆེན་པོ་བསྒོམ་དུས། རྣམ་རྟོག་མི་སྐྱེ་པ་ཙམ་ལ་ཕྱག་ཆེན་ཞེས་བཏགས་ནས་དེ་སྒོམ་ཀྱིན་ཡོད་རེད།དེ་འདྲ་དེ་ཞི་གནས་ཡིན་སྲིད་རྒྱུ་རེད་དེ་ཕྱག་ཆེན་དང་འཁོར་འདས་དབྱེར་མེད་རེད་ཐུབ་ཀི་ཡོད་མ་རེད་ལ། རྒྱུ་མཚན་ཅི་རེད་ཟེར་ན།ཁོ་ལ་ལམ་འགྲོ་ཐུ་མོ་ཡོད་ན་གཟུགས་མེད་ཁམས་སུ་སྐྱེ་བའི་རྒྱུ་ཙམ་དང་། དེ་ཙམ་མེད་ན་རྣམ་རྟོག་བཀག་པའི་ཞི་གནས་ཙམ་ལས་ལྷག་མཐོང་མེད་པའི་ཕྱིར། གལ་སྲིད་ལྷག་མཐོང་ཡོད་དགོས་ན་དབུ་མའི་གཞུང་ལས་བཤད་པ་བཞིན་དུ། ཡུལ་གཏན་ནས་མ་རྙེད་ནས་ཡུལ་ཅི་ཡང་མ་ཡིན་པར་ངེས་ཤེས་སྐྱེས།དེ་བཞིན་དུ་ཅི་ཡང་མ་བཟུང་བའི་ཐོག་ཏུ་སླེབས་འོང་སྐབས། ཉམས་སུ་མྱངས་བའི་དུས་སུ་རྣམ་རྟོག་མེད་པ་འདྲ་རེད་དེ། ངེས་ཤེས་ཡོད་མེད་ཀྱི་སྟེང་ནས། གཅིག་དེ་ལ་རྒྱ་ནག་ཧྭ་ཤང་གི་ལྟ་བ་ཟེར་དགོས་རེད་ལ།གཞན་ངེས་ཤེས་ཀྱི་རྩིས་ཟིན་པས་ལྟ་བ་ལ་དབུ་མའི་ལྟ་བ་མ་འཁྲུལ་བ་ཞེས་ཟེར་དགོས་རེད། ཀུན་མཁྱེན་བསོད་ནམས་སེེངྒེ་དང་།ཀུན་མཁྱེན་རོང་ཆེན་པོ་ལ་སོགས་པའི་བླ་མ་མཁས་པ་ཚང་མས་དེ་ལ་འཇོག་གི་ཡོད་རེད། དེ་ལས་ལྡོག་ཏེ་བཤད་མཁན་དེ་ཚོ་སྐད་གྲག་ཆེ་ན་འདྲ་མ་ཆེ་ན་འདྲ།ཁོ་ཚོའི་གསུངས་ལ་ཏན་ཏན་ཅི་ཡང་ཡོད་མ་རེད། རྣམ་རྟོག་མི་སྐྱེ་བའི་དབང་དུ་བསྡད་པ་ཙམ་ལའང་ཕྱག་ཆེན་རེད། རྫོགས་ཆེན་རེད། འཁོར་འདས་དབྱེར་མེད་རེད་ཟེར་གི་རེད་དེ། དངོས་གནས་བསམ་ན་ངེས་ཤེས་མེད་པའི་གནད་ཀྱིས་ཐབས་ཕྱིན་ཅི་ལོག་གི་ངོས་ནས་བཤད་ན། རྒྱ་ནག་ཧྭ་ཤང་གི་ལྟ་བ་ཟེར་དགོས་རེད། དེ་འདྲ་མ་བཤད་ན་ཞི་གནས་ཙམ་ཞིག་གི་ཐོག་ཏུ་འགྲོ་སྲིད་ཙམ་རེད། དེའི་དབང་གིས་བླུན་པོས་ཕྱག་རྒྱ་ཆེར་བསྒོམ་པ། ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྱུར། ཞེས་གསུངས་པ་དག་ནི།ངེས་ཤེས་མ་སྐྱེས་བཞིན་དུ་བསྒོམས་པའི་བློ་དེ་ཚོ་ལ་འཇོག་དགོས་རེད། མཐའ་བྲལ་ལ་ངེས་ཤེས་སྐྱེས་ཤིང་འཛིན་མེད་ཀྱི་ངང་དུ་བཞག་པའི་སྒོམ་དེ་འཛིན་པ་བྱུང་ན་ལྟ་བ་མིན་ཞེས་གསུངས་པའི་སྐབས་ཀྱི་འཛིན་པ་མ་བྱུང་པ་ཞེས་པའི་ལྟ་བའི་ཐོག་ཏུ་སླེབས་ཡོད་རེད། དེ་ཡིས་དཔྱད་སྒོམ་གྱི་རྒྱུ་མཚན་དང་བཅས་པ་དེ་རིང་གཙོ་བོ་བཤད་ཡོད་རེད། དེ་ནས་འཇོག་སྒོམ་གྱི་བབས་སོ་ཟེར་རྒྱུ་དེ་ནི།རང་རང་སོ་སོའི་བླ་མ་བརྒྱུད་པའི་མན་ངག་དག་ལ་བསྟེན་ནས་ཤེས་དགོས་རེད་ལ། དེ་ཡང་མཐའ་བྲལ་ལ་ངེས་ཤེས་སྐྱེས་ནས་འཛིན་མེད་ཀྱི་ཐོག་ཏུ་འོང་བ་ཞིག་ལ་ལྟ་བ་ཟེར་དགོས་རེད། མཐའ་བྲལ་ལ་ངེས་ཤེས་མ་རྙེད་ནས་འཛིན་མེད་ལ་བཞག་པ་དེ་ནི་ཞི་གནས་མ་གཏོགས་དབུ་མའི་ལྟ་བ་དང་། ལྷག་མཐོང་གི་ཕྱོགས་ཙམ་ལའང་སླེབས་མེད་རེད། དེ་འཁོར་འདས་དབྱེར་མེད་མིན་པ་ནི་སྨོས་མ་དགོས་པ་རེད། ངས་འགའ་རེ་ལ་འདི་འདྲ་རྩེད་མོ་ཟེར་མྱོང་།གལ་སྲིད་མཐའ་བྲལ་ལ་ངེས་ཤེས་མ་སྐྱེས་ནས་འཛིན་མེད་ཙམ་ཞིག་ལ་མཉམ་པར་བཞག་ཅིང་དེ་འཁོར་འདས་དབྱེར་མེད་རེད་ཅེས་ལབ་པ་ཡིན་ན། དཔེར་ན། དུད་ཁ་ཞིག་གི་སྒོ་ཁར་ཁྱི་རྒན་ཤ་སྐམ་རུས་སྐམ་འདུག་པ་ཞིག་བཏགས་ནས་འདི་ངེད་ཚང་གི་སེངྒེ་ཡིན་ཅེས་བཏགས་པ་དང་གཅིག་མཚུངས་རེད།འཁོར་འདས་དབྱེར་མེད་རེད་ཡོད་པ་མ་རེད། དེས་ན་མཐའ་བྲལ་ལ་ངེས་ཤེས་སྐྱེས་ནས་ཡུལ་ཅི་ཡང་མ་ཡིན་པ་ལ་ཡུལ་ཅི་ཡང་མ་ཡིན་པ་ཤེས་ཤིང་། ཡུལ་ཅན་གྱི་བློས་ཅི་ཡང་མི་འཛིན་པའི་ཐོག་ཏུ་བཞག་ན། དབུ་མའི་སྒོམ་ཟེར་ན། འཁོར་འདས་དབྱེར་མེད་ཀྱི་སྒོམ་ཟེར་ན། ཕྱག་ཆེན་རྫོགས་ཆེན་ཞེས་གང་ཞིག་མིང་བཏགས་ན་ཡང་ཆོག་བསྡད་ཡོད་རེད། ད་དེ་རིང་གི་ཆོས་ཁྲིད་དེ་ཙམ་ཡིན།བསོད་ནམས་འདི་ཡིས་སོགས་གྲོལ་ལོ།།
སྨྲས་པ།
ཐུབ༵་པའི་ལེགས་བསྟན་བསྟན༵་པ་སྤེལ་མཛད་ཡིད་ཅན་སྐྱེ་འགྲོའི་འདྲེན་པ་མཆོག།
གསུང་རབ༵་པད་མ་མ་ལུས་གསལ༵་མཛད་སྨྲ་བའི་དབང་ཕྱུག་ཐམས་ཅད་མཁྱེན།།
ཐབས་ཀྱིས་འདུལ་ཤེས་ཤེས་རབ་མིག་གཅིག་བཀའ་དྲིན་བློ་ཡིས་གཞལ་མཐའ་ཟད།།
རྨད་བྱུང་ཕུན༵་ཚོགས༵་ཚོགས་ཀྱི་མཆོག་གྱུར་རྣམ༵་པར་རྒྱལ༵་བའི་བཤེས་ཁྱེད་གུས།།
རབ་བྱུང་བཅུ་བདུན་པའི་གདོང་ངན་མེ་སྤྲེལ་ལོའི་སྤྱི་ཟླ /༢ པའི་ཚེས/ ༡༧ ཉིན་སྟེ། མཁན་རྒན་པདྨ་དམ་ཆོས་དགོངས་པ་དབྱིངས་སུ་གཤེགས་པའི་སྐབས་དང་བསྟུན་ཁྲོཾ་རྡོ་དགོན་བཤད་སྒྲུབ་ཆོས་འཁོར་གླིང་གི་མཁན་ཆེན་ཚེ་རིང་རྣམ་རྒྱལ་དང་། དགེ་སྐྱོར་རྣམ་པའི་དབུ་བྱས་པའི་མཁན་སྤྲུལ་འདུས་པ་རྣམས་དང་ཕྱོགས་དེ་གའི་ལྷ་སྡེ་ཡོངས་ཀྱི་རང་རང་གི་འཐུས་ཚབ་མི་སྣ་རྣམས་ཏེ་མི་གྲངས་བརྒྱ་ཕྲག་ལྷག་ལ་ཉེ་བ་ཞིག་དཔལ་རྫོང་གསར་ཁམས་བྱེ་སློབ་གླིང་ལ་ཕེབས་ཏེ་དམ་པ་གང་གི་མྱ་ངན་ཞུ་བའི་སྐབས་དང་འབྲེལ་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་གྱིས་ཐུགས་བརྩེ་བས་ཉེ་བར་གནང་བའི་མན་ངག་ཟབ་ཁྱད་ཅན་དཔལ་ལྡན་ས་སྐྱའི་ཞེན་པ་བཞི་བྲལ་འདི་ཉིད་ཁྲོཾ་རྡོ་དགོན་བཤད་གྲྭའི་ནང་ནས་རང་ཤག་བསིལ་དྲོད་སྙོམ་པའི་ལྡིང་ཁང་ནས་______________སྒ་གཙང་སའི་ཤ་བ་འམ་རིན་ཆེན་ཚེ་རིང་གིས་ཤོག་ཐོག་ལ་ཕབས་པའོ།།
Leave a Reply