ཅི་ཞིག་ལ་བདེ་སྐྱིད་ཟེར་ཞེས་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་གསུངས།


དེ་རིང་སྐད་ཆ་མགོ་མཇུག་དེ་ཙམ་མེད་པ་ཐར་རེ་ཐོར་རེ་ཞིག་བཤད་རྒྱུ་ཡིན། ང་སྔོན་མ་ཐེངས་ཁ་ཤས་ཤིག་ལ་ཡོང་སྐབས་མི་སྐྱ་ཚོ་ལ་ཐ་མག་མ་འཐེན་ཆང་རག་མ་འཐུང་། འཛིང་མོ་མ་བྱེད་ཅེས་བཤད་མྱོང་། དེང་སང་ཐ་མག་འཐེན་མཁན་དང་ཆང་རག་འཐུང་མཁན་འཛིང་མོ་བྱེད་མཁན་ཇེ་ཉུང་ལ་སོང་འདུག །ང་ཧ་ཅང་དགའ་བྱུང་། ཁྱེད་ཚོ་ལ་བཀའ་དྲིན་ཆེ་ཞུ། ད་དུང་ཡིན་ན་ཡང་མུ་མཐུད་ནས་རྒྱུན་སྐྱོང་གནང་རོགས། ཐ་མག་ནི་སྤྱིར་བཏང་ཆོས་ཀྱི་ངོས་ནས་བཤད་པ་ཙམ་མ་ཡིན་པ་འཇིག་རྟེན་ངོས་ནས་བཤད་པ་ཡིན་ན་ཡང་གཟུགས་པོ་ལ་ཧ་ཅང་གནོད་ལ། ཆང་ཡང་དེ་དང་དེ་ནང་བཞིན་རེད། དེའི་ཚོའི་སྐོར་ལ་སྐད་ཆ་བསྐྱར་བཤད་བྱེད་དགོས་དོན་མི་འདུག །ད་དུང་ཁམས་པ་ལ་ལམ་སང་འཛིང་མོ་བྱེད་རྒྱུ་མང་པོ་ཡོད་རེད། དེང་སང་ཧ་ཅང་ཉུང་དུ་སོང་ཡོད་ཚད་རེད། དེ་དཔེ་ཡག་པོ་རེད། ཁམས་པས་བློ་ཁོག་ཡོད་ཟེར་ནས་འཛིང་མོ་བྱེད་རྒྱུ་ལ་བློ་ཁོག་ཆེན་པོ་བརྩི་སྲོལ་དེ་ཧ་ཅང་ནོར་འཁྲུལ་ཆེན་པོ། དེ་ལས་ནོར་འཁྲུལ་ཆེ་ཞིག་མེད། ང་ཚོས་ལམ་སང་འཛིང་འཁྲུག་བྱས་ཏེ། གྲི་བཙུགས་མི་བསད་པ་དེ་ལྐུགས་པ་རེད་མ་གཏོགས་བློ་ཁོག་ཆེན་པོ་རྩ་བ་ནས་མ་རེད། གང་ལྟར་བློ་ཁོག་ཆེན་པོ་ཞེས་པ་དེ་གཞན་གྱིས་བརྙས་བཅོས་དང་། རྡུང་བརྡེག་སོགས་ཇི་ཙམ་བྱས་ཀྱང་བཟོད་ཐུབ་ཅིང་། རྒྱང་རིང་པོ་མི་ལོ་མང་པོའི་རྗེས་ཏེ་རང་གི་བུའི་བུ་དང་། ཚ་བོ་དང་ཡང་ཚ་། ཡང་ཚ་ནས་ཡང་ཚ་དེ་ཚོ་ལ་རིག་གཞུང་དང་ཡུལ་སྲོལ་གོམ་གཤིས། འཚོ་བ་སྤྱོད་སྟངས་སོགས་ལ་བསམ་བློ་གཏང་ཐུབ་ན་དངོས་གནས་བློ་ཁོག་ཆེན་པོ་རེད། དེ་ཞོར་འཕྲོས་ཙམ་ཞིག་ཡིན།

གཞན་གང་བཤད་རྒྱུ་ཡོད་ཅེ་ན། སྐབས་རེར་ངའི་གྲོགས་པོ་མགོ་སེར་དེ་དག་བོད་ཡུལ་ལ་ཡོང་དུས་ཁོང་ཚོ་དཔེ་སྐྱིད་པོ་འདུག་ཟེར། ངས་ཁྱེད་ཚོ་ཅིའི་ཕྱིར་སྐྱིད་པོ་འདུག་ཅེས་དྲིས་པ་ཡིན། འདྲི་དགོས་རྐྱེན་གང་ཡིན་ཞེ་ན། ཕྱི་རྒྱལ་མི་དེ་ཚོ་ཕྱོགས་གཅིག་ནས་དཔེ་སྐྱིད་པོ། སྡོད་གནས་དང་ལམ་འགག་དེ་དག་ཧ་ཅང་ཡག་པོ། ཁང་པ་དང་ལུང་པའི་བཟོ་ལྟ་དེ་དག་ཀྱང་འདི་དང་འདི་ལས་ལྷག་པ་མང་པོ་ཡོད་པ་མ་ཟད། མཚོ་དང་ལྗོན་ཤིང་གངས་རི་དེ་དག་ཀྱང་ཧ་ཅང་ཡག་པོ་ཡོད་རེད། ཡིན་ན་ཡང་ཁོང་ཚོ་བོད་ཡུལ་ལ་སླེབས་སྐབས་རྒྱུ་མཚན་འདི་རེད་ཅེས་བཤད་མི་ཤེས་པའི་སེམས་པ་ཧ་ཅང་སྐྱིད་པོ་བག་ཕེབས་པོ་འདུག་ཟེར། དེ་གང་ལ་བརྟེན་ནས་བྱུང་བ་རེད་ཅེ་ན། འདི་ང་ཚོས་ངེས་པར་དུ་ཤེས་དགོས་པའི་གནད་འགག་ཅིག་རེད། ད་ལྟའི་བར་དུ་བདེ་སྐྱིད་ལ་འགྲེལ་བཤད་གཞན་ཞིག་བྱས་ནས། ང་ཚོ་འགྲོ་བ་མིས་སྐྱིད་པོ་གཏང་དགོས་བསམ་ནས་ཚང་མས་བདེ་སྐྱིད་ཀྱི་ཆེད་དུ་དཀའ་ལས་མང་པོ་བརྒྱབས་ཡོད་རེད།

དེང་སང་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་ལ་བདེ་སྐྱིད་ངེས་འཛིན་ཚུལ་ལ་འགྱུར་ལྡོག་ཆེན་པོར་སོང་ནས། དཔེར་ན་ཕྱི་ཕྱོགས་རྒྱལ་ཁབ་ཆེན་པོ་དེ་དག་ལ་དཔལ་འབྱོར་དང་མཐུན་རྐྱེན་ཧ་ལས་པ་ཡོད་མོད། འོན་ཀྱང་སེམས་པ་སྟོང་ལྷང་ལྷང་བྱས་ནས་མི་སྐྱིད་པ། སེམས་པ་བག་ཕེབས་པོ་མ་ཡིན་པ། སེམས་ལ་ན་ཚ་ཆེན་པོ་རེད། དེང་སང་རྒྱ་ནག་ཀྱང་ཡར་རྒྱས་ཆེན་པོར་སོང་ནས་གཟའ་འཁོར་གཅིག་གི་ནང་ལ་ཞགས་མ་ལྔ་དྲུག་རེ་ལ་སྔ་ལོངས་ཕྱི་ཉལ་ངང་ལས་ཀ་ལ་ཨུ་ཚུགས་བྱས་ཏེ་སོས་དལ་བྱེད་པའི་ཁོམ་པ་ཞིག་ཡོད་མ་རེད། དཔེར་ན་ངའི་རྩར་ཡོང་མཁན་གྱི་ཕྱི་རྒྱལ་དང་རྒྱ་ནག་གི་སློབ་མ་དེ་ཚོ་ཞགས་མ་ལྔ་དྲུག་གི་དོན་དུ་ཟླ་བ་མང་པོའི་སྔོན་ནས་གྲ་སྒྲིག་བྱེད་ཀྱི་འདུག །དེ་འདྲའི་བྲེལ་བ་ཆེན་པོ་རེད། དཔལ་འབྱོར་ཆེན་པོ་ཇི་ཙམ་ཆགས་ཀྱང་ད་དུང་ཡང་ང་ལ་མེད་བསམ་པ་མ་གཏོགས། ང་འགྲིག་ཡོད་བསམ་མཁན་ཡོད་མ་རེད། ང་ལ་ཕྱི་རྒྱལ་གྱི་གྲོགས་པོ་ཧ་ཅང་རྒྱུ་ཆེན་མང་པོ་ངོ་ཤེས་ཡོད། ཁོང་ཚོ་ཕལ་ཆེ་བའི་སེམས་ལ་བདེ་སྐྱིད་དང་བག་ཕེབས་པོ་ཡོད་མ་རེད། སྒོར་མོ་དུང་ཕྱུར་མང་པོ་ཡོད་ཀྱང་ད་དུང་མེད། འདི་ལས་མང་ཞིག་དགོས་བསམ་པའི་སེམས་ཁྲལ་དང་དཀའ་ངལ་ནང་མགོ་འཁོར་འདུག་ཡོད་རེད། དེར་བརྟེན་ཁོང་ཚོ་ལ་འཛུབ་མོ་བཙུགས་ས་མེད་པའི་སེམས་ལ་བདེ་སྐྱིད་དང་བག་ཕེབས་པའི་འཚོ་བ་དེ་ཡོད་མ་རེད། ཡིན་ཡང་ང་ཚོ་ལ་ད་དུང་དེའི་བདེ་སྐྱིད་དེ་ལྷག་འདུག་ཡོད་པས། དེ་ང་ཚོས་ངེས་པར་དུ་བདག་པོར་བྱ་རྒྱུ་གལ་ཆེན་པོ་རེད།

ཆོས་ཀྱི་ནང་དུ་རང་རང་ལ་དབང་ཆ་ཡོད་ན་བདེ་སྐྱིད་རེད་ཅེས་གསུང་པ་ནང་བཞིན། ཐམས་ཅད་ཀྱིས་དཔལ་འབྱོར་སྒྲུབ་པ་དང་སློབ་སྦྱོང་བྱེད་པ་སོགས་ལས་ཀ་གང་དང་གང་བྱས་ཀྱང་མི་གཞན་ལ་ཕར་མགོ་འདོགས་མི་དགོས་པ་རང་རང་སོ་སོས་རང་མགོ་ཨེ་ཐོན་བལྟ་རྒྱུ་དེ་གལ་ཆེན་རེད། དཔེར་ན་འདི་ན་ཡོད་མཁན་མང་ཤོས་ལ་ས་ཞིང་ཡོད་མོད། འོན་ཀྱང་མང་པོ་ཞིག་མར་ཁྲིན་ཏུའུ་དང་ཕར་རྫོང་ཐོག་སོགས་གྲོང་ཁྱེར་ནང་ལ་གནས་སྤོར་བའི་བསམ་བློ་ཡོད་རེད། ཡིན་ཡང་དེ་ཚོ་ལ་བསམ་བློ་ཡག་པོ་བཏང་ནས་རང་རང་སོ་སོ་ལ་ད་སྔོན་ཡོད་པའི་ས་ཞིང་དེ་བེད་སྤྱོད་བཏང་ནས་ཟ་རྒྱུ་འཐུང་རྒྱུ་ག་ཚད་ཡིན་ན་རང་གིས་འདེབས་འཛུགས་བྱས་ནས་ཐ་ན་གཞན་གྱི་ལག་ནས་ཉོ་མི་དགོས་པར་རང་མགོ་ཐོན་པ་ཞིག་ཐུབ་ན་སེམས་ལ་བདེ་སྐྱིད་དང་སྤྲོ་སྣང་བསླེབ་ཡོང་རེད།

ཧ་ཅང་བྲེལ་བ་ཆེན་པོ་ཉི་མ་གཅིག་ཙམ་ལ་ཡང་འདུག་ཁོམ་མེད་པ་ལྟ་བུ་མ་ཡིན་པ་སྐད་ཆ་བཤད་ལོང་ཡོད་པ། རྟ་རྒྱུགས་ལོང་ཡོད་པ། གླུ་ལེན་ལོང་ཡོད་པ། ཕན་ཚུན་བག་ཕེབས་པོའི་ངང་འདུག་ཁོམ་ཡོད་པའི་འཚོ་བ་ཞིག་ང་ཚོས་རོལ་དགོས། དེ་བཤད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། འཛམ་གླིང་འགྱུར་ལྡོག་ཆེན་པོར་སོང་ནས་སོས་དལ་གྱི་འཚོ་བ་ཞིག་རོལ་དགོས་ན་དཀའ་ལས་ཁག་པོར་ཆགས་འགྲོ་ཡི་འདུག །ང་ཚོའི་ཕྱོགས་ལ་ཡང་འགྱུར་ལྡོག་དེ་ཡོང་རྒྱུ་རེད། ཕྱོགས་གཅིག་ནས་དེའི་གྲས་དེ་ཡར་རྒྱས་ཡག་པོ་རེད། སྔོན་མ་ཡིན་ན་སྐད་ཅིག་བཏང་དགོས་ན་ལམ་ཐག་རིང་པོ་ལ་གོམ་པ་བརྒྱེབ་ནས་འགྲོ་དགོས་རེད། དེང་སང་ཁ་པར་ལམ་ནས་ས་ཐག་རིང་པོའི་བར་ལ་ཕན་ཚུན་གཟུགས་མཐོང་བར་བྱས་ནས་སྐད་ཆ་བཤད་ཆོག་པ་ལྟ་བུ་ཡོན་ཏན་ཡང་ཡོད་མོད། ཕྱོགས་གཅིག་ནས་བྲེལ་བ་དང་སེམས་ཁྲལ་ཇེ་ཆེར་སོང་ནས་སེམས་པ་མི་སྐྱིད་པར་ཆགས་སྲིད་པས། ང་ཚོས་དཀའ་ངལ་དེ་དག་མ་འཕྲད་པའི་སྔོན་ལ་གཟབ་གཟབ་བྱེད་དགོས། དེ་རིང་དེ་ཙམ་ཡིན། ཐུགས་རྗེ་ཆེ།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*