འཇམ་མགོན་བླ་མའི་བསྟོད་པ་བཞུགས།
རྩོམ་པ་པོ། ཨ་འཁྲོ་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན།
འཇམ་མགོན་བླ་མ་ས་སྐྱ་པཎ་ཆེན་ཞེས། །
མཚན་གྱི་ཟེགས་མ་རྣ་བར་སོན་ཙམ་གྱིས། །
ཤེས་བྱའི་བློ་གྲོས་འདབ་བརྒྱ་གྲོལ་མཛད་པའི། །
བྱིན་རླབས་འོད་སྟོང་ལྡན་པ་ཁྱོད་མིན་སུ། །
འཇམ་མགོན་བླ་མའི་ཐུགས་ཀྱི་ཟེའུ་འབྲུ་ལས། །
འཕོས་པའི་ཚད་མ་རིགས་པའི་གཏེར་ཆེན་འདིས། །
འཕགས་ཡུལ་ཕྱོགས་གླང་ཆོས་གྲགས་བཞེད་པའི་གཞུང་། །
རིང་ཞིག་ངལ་གསོ་མཛད་འདི་བདེན་ནམ་ཅི། །
འཛམ་གླིང་འདི་ན་མཁས་པ་ཆེས་མང་ཡང་། །
ཐུབ་པའི་དགོངས་པ་བཀྲལ་བའི་མཁས་པའི་ཕུལ། །
འཇམ་མགོན་བླ་མ་ཇི་བཞིན་སྲིད་དམ་ཅི། །
བློ་ལྡན་ཞིབ་མོའི་བློ་ཡིས་དཔྱོད་དང་གསལ། །
ལེགས་པར་བཤད་པའི་བསྟན་བཅོས་འདི་གཅིག་པུས། །
རྣམ་དཔྱོད་བློ་གྲོས་སྟེར་བ་ཁྲི་མ་འབུམ། །
འཇམ་མགོན་བླ་མའི་འཕྲིན་ལས་ཚད་གཞལ་བ། །
རབ་དགའི་ས་ལ་གནས་ཀྱང་སྨྲ་ནུས་མིན། །
འཇམ་མགོན་བླ་མའི་གསུང་གི་བཅུད་མྱོང་བས། །
མཁས་གཞན་གསུང་ལ་རོ་བཅུད་བྲོ་བ་བོར། །
མཁས་པས་མཁས་པ་འདི་འདྲའི་ཁྱད་པར་ཅི། །
འཇམ་པའི་རྡོ་རྗེ་མངོན་སུམ་མིན་ན་སུ། །
གངས་ལྗོངས་འདི་ན་བཅུ་ཕྲག་རིག་པའི་གནས། །
འཆད་རྩོད་རྩོམ་པའི་སྒོ་ཆེན་ཁྱོད་ཀྱིས་ཕྱེས། །
མཁས་པའི་ཚང་ཆེན་བརྡོལ་བའང་ཁྱོད་ཀྱི་དྲིན། །
འཇམ་པའི་དབྱངས་དང་ཐ་དད་སྲིད་དམ་ཅི། །
མཁས་པའི་རྣམ་དཔྱོད་མཁའ་ལྟར་ཡངས་པ་ལ། །
བསྒོམ་བྱུང་ཤེས་རབ་ཉིན་བྱེད་དབང་པོ་ཁྱོད། །
གངས་ལྗོངས་རྨོངས་པའི་མུན་པ་སངས་མཛད་པའི། །
བཀའ་དྲིན་གཞལ་དུ་མེད་དོ་ཤེས་ལྡན་དག །
འཇམ་མགོན་བླ་མས་མདོ་སྔགས་རིག་གཞུང་ལ། །
ཚིག་སྙན་གནད་འདུས་དོན་ཟབ་མན་ངག་ཕྱུག །
འཇམ་པའི་དབྱངས་དང་དབྱངས་ཅན་ལྷ་མོ་ཟུང་། །
མངོན་སུམ་མཇལ་ཡང་འདི་ལྷག་ཡོད་དམ་ཅི། །
འཇམ་དབྱངས་བླ་མ་སྙིང་དབུས་ཟེའུ་འབྲུའི་སྟེང། །
རྟག་པར་བསྒོམ་ཞིང་གསོལ་བ་བཏབ་པའི་འབྲས། །
ཐོས་པས་དབེན་ཡང་སྨྲ་བའི་མགྲིན་ཡངས་འདི། །
ཁྱོད་གཅིག་ཁོ་ནའི་དྲིན་ལས་གཞན་དུ་མིན། །
ཚུལ་འདི་མཁས་དབང་རབ་བརྟན་དགེ་ལེགས་དང་། །
དར་དགོན་མཁན་པོ་མཉྫུའི་མཚན་ཅན་ངོར། །
ཤེས་བྱའི་བློ་གྲོས་ཅི་ཡང་མི་ལྡན་པའི། །
དྷྭ་ཛའི་མིང་པས་ཤར་མར་བྲིས་པའོ། །
Leave a Reply